ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས། རྒྱུགས་འབུལ་ལམ་བུར་འབད་འབུངས་མདུན་སྐྱོད་བྱེད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—སྤྱི་ཁྱབ་ཧྲུའུ་ཅི་བོད་ལ་གཟིགས་ཞིབ་གནང་བར་ཕེབས་ནས་ལོ་གཅིག་འཁོར་བའི་མཚམས་སུ་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་བ།

ལོ་གཅིག་གི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལ་གཟིགས་ཞིབ་གནང་བར་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་ཡང་གནང་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་ཡོད་ལ་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་བས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ངར་སེམས་ཆེར་སྐྱེད་དང་འབད་འབུངས་མདུན་སྐྱོད་བྱེད་པར་ལྕག་སྐུལ་ཐེབས་ཡོད།

ལྷ་སའི་བར་སྐོར་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་མི་མང་ལ་འཚང་ཁ་ཆེ་ན་ཡང་། ཆར་རླུང་ཁྲོད་ལོ་ངོ་སྟོང་འགྱིང་ངེར་གནས་པའི་ལྷ་ལྡན་གཙུག་ལག་ཁང་མདུན་གྱི་ཐང་བོད་དབོན་ཞང་རྡོ་རིང་གིས་བོད་རྒྱ་མི་རིགས་མཐུན་སྒྲིལ་དང་མཛའ་གྲོགས་ཀྱི་བརྩེ་སེམས་ཟབ་མོ་ཡོད་པའི་དཔང་པོ་བྱེད་བཞིན་མཆིས།

2021ལོའི་ཟླ་7ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་སྐོར་དུ་ཕེབས་ནས“ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ནི་ང་ཚོ་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་རེད། མི་རིགས་ཁག་གི་རིག་གནས་འདི་གར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱུང་ནས་རང་རེའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་འདི་གར་འཆམ་མཐུན་ངང་གནས་ཡོད”ཅེས་མྱོང་ཚོར་ཟབ་མོས་གསུངས།

འདས་ཟིན་པའི་ལོ་གཅིག་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་མྱོང་བའི་བར་སྐོར་འདོད་འཇོ་ཚང་བོད་ཆས་ཚོང་ཁང་གི་ཚོང་སྔར་བཞིན་ཡག་པོ་ཡོད་པ་དང་། ཡུལ་སྐོར་བ་མང་པོ་ཞིག་དེའི་སྙན་གྲགས་ཐོས་ནས་ལྟ་བར་འོང་ཞིང་། “སྔོན་མ་ང་ཚོའི་ཚོང་ཁང་དུ་ཡོང་མཁན་མང་ཆེ་བ་ས་གནས་དེ་གའི་གྲོང་མི་ཤ་སྟག་རེད། ད་ཆ་ཚོང་ཁང་དུ་ཡོང་མཁན་ཡུལ་སྐོར་བ་མང་དུ་ཕྱིན་ནས་ཁོང་ཚོ་ཆེད་མངགས་བོད་ཆས་ཉོ་བའམ་ཡང་ན་དྲན་རྟེན་པར་རྒྱག་པར་ཡོང་གི་འདུག དེ་དག་ཚང་མ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་འདེད་ནས་ཡོང་བ་ཤ་སྟག་རེད”ཅེས་ལོ་45ལ་སླེབས་པའི་སྦྱིན་བདག་སྒྲོལ་མས་འཛུམ་དམུལ་དམུལ་ངང་བཤད་པ་དང་། ཁོང་གིས་ད་ཆ་འདོད་འཇོ་ཚང་བོད་ཆས་ཚོང་ཁང་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པའི“དྲ་ཐོག་མིང་ཅན་ཚོང་ཁང”ཞིག་ཏུ་གྱུར་ཡོད་ཅེས་བཤད།

2006ལོར་མེ་འཁོར་གྱི་དུང་སྒྲ་དབེན་འཇམ་གྱི་གངས་ལྗོངས་ས་མཐོར་བསྒྲགས་ནས་མཚོ་བོད་མེ་འཁོར་ཤར་གཏོང་བྱེད་འགོ་ཚུགས་པ་དང་། ལོ་15ཡི་རྗེས་སུ་བོད་ཀྱི་གློག་རླངས་ཅན་གྱི་མེ་འཁོར་དང་པོ་སྟེ་ལྷ་ཉིང་མེ་འཁོར་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་ཏེ་བོད་འདི་ཉིད་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་སླེབས།

ད་ཆ“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ལ་བསྡད་དེ་ལྷ་སར་ཅ་དངོས་ཉོ་བ་དང་། ཉིང་ཁྲིར་སྤྲོ་གསེང་དུ་འགྲོ་རྒྱུ་དེ་ལྷོ་ཁ་བ་མང་པོ་ཞིག་གི་དུས་ཆེན་དང་ངལ་གསོའི་སྐབས་ཀྱི་གདམ་ག་གསར་པ་ཞིག་ཏུ་གྱུར། སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་བྱ་ས་སྡེ་ཁུལ་གྱི་སྐལ་བཟང་སྒྲོལ་མས“ན་ནིང་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་ཆེད་སྤྱོད་མེ་འཁོར‘བསྐྱར་དར་རྟགས་ཅན’ལ་བཞུགས་ཏེ་ཉིང་ཁྲི་ནས་ཐོན་ནས་ལྷོ་ཁ་བརྒྱུད་ལྷ་སར་ཕེབས་འབྱོར་གནང་བ་རེད། ད་ཆ་ཕྱིར་དྲན་བྱེད་སྐབས་ང་ཚོ་སྔར་བཞིན་སེམས་འགུལ་ཐེབས་ཀྱི་འདུག ལྷ་ཉིང་མེ་འཁོར་ཤར་གཏོང་ཐུབ་པ་ལས་ལོ་གཅིག་རིང་ང་ཚོ་ཕྱིར་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད་ལ་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བའི་གོམ་སྟབས་ཀྱང་མགྱོགས་སུ་ཕྱིན་སོང”ཞེས་བཤད།

ལྷོ་ཁའི་མེ་འཁོར་བབས་ཚུགས་ཀྱི་ཀྲེན་ཀྲང་དབྱི་ཝན་ཧྥུའུ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཆེད་སྤྱོད་མེ་འཁོར‘བསྐྱར་དར་རྟགས་ཅན’ལ་བཞུགས་ཏེ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ནས་ལོ་གཅིག་སོང་བའི་མཚམས་སུ་ང་ཚོའི་མེ་འཁོར་དང་མེ་འཁོར་བབས་ཚུགས་ཀྱང་བདེ་འཇགས་ངང་ལས་སྒོ་གཉེར་ནས་ལོ་གཅིག་སོང་སྟེ། མང་ཚོགས་ཕྱིར་བསྐྱོད་རྒྱུའི་དགོས་མཁོ་གང་མགྱོགས་དང་། སྟབས་བདེ། སྐྱིད་སྣང་ལྡན་པ་བཅས་ཡོང་བ་བྱས་ཡོད”ཅེས་བཤད།

ཉིང་ཁྲིའི་ཉང་ཆུའི་འགྲམ་དུ་རྩི་ཤིང་སྟུག་པོར་སྐྱེས་པ་དང་། ཆུ་མོ་དྭངས་ཤིང་སྔོ་བར་བརྟེན་ཀོང་པོའི་མི་དམངས་ཀྱིས“མ་ཡུམ་གཙང་པོ”ཞེས་འབོད་ཀྱི་ཡོད།

2021ལོའི་ཟླ་7ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་ཉང་ཆུའི་ཟམ་ཆེན་ལ་ཕེབས་ནས་ཆུ་མོ་དལ་གྱིས་བཞུར་བ་དང་རྩྭ་རྩི་ཤིང་སྔོ་ཐིང་ངེར་གྱུར་བའི་ཡར་ཉང་འདམ་རར་གཟིགས་བཞིན་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚོ། རྩྭ་ར། བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་ཆ་ལག་ཚང་བའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་དགོས་པ”དང“དེ་གའི་རྩྭ་རྩི་ཤིང་དང་རི་ཆུ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་བཀའ་མངགས་གནང་ཡོད།

བུ་ཆུ་ཤང་རྡོ་སྟེང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་རུ་དཔོན་ཚའེ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ད་ལྟའང་བློ་ལ་གསལ་ལེར་དྲན་བཞིན་ཡོད། ལོ་གཅིག་སོང་རིང་། ཁོང་སྡོད་སའི་རྡོ་སྟེང་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། གྲོང་ཚོའི་བྱེ་རྡོ་ར་བ་སྐྱེ་ཁམས་བཟང་བའི་ཞིང་པའི་སྤྲོ་སྐྱིད་ཁང་ལ་གྱུར་བ་རེད། ཁོང་གིས“སྔོན་མ་བྱེ་རྡོ་ར་བ་ཡོད་པའི་སྟབས་ཀྱིས་གྲོང་ཚོ་ཐལ་རྡུལ་གྱིས་ཁེངས་ནའང་། ད་ཆ་སྐྱེ་ཁམས་བཟང་བའི་ཞིང་པའི་སྤྲོ་སྐྱིད་ཁང་བརྒྱབ་པ་དེས་ཡུལ་སྐོར་བ་དང་ཡུལ་མི་འདི་གའི་མཛེས་ལྗོངས་ལ་ལྟ་བར་ཡོང་ཆོག་ལ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་མང་དུ་ཕྱིན་སོང་། སླད་ཕྱིན་གྲོང་སྡོད་ལས་དོན་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་ཧུར་བརྩོན་ངང་བྱས་རྗེས་བཞག་སྟེ་གྲོང་ཚོ་འདི་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་པར་བསྐྱོད་རྒྱུར་རོགས་རམ་བྱས་ནས་རྡོ་སྟེང་གྲོང་ཚོའི་གནམ་སྔར་བས་སྔོ་བ་དང་། ཆུ་སྔར་བས་དྭངས་བ། སྐྱེ་ཁམས་ཁོར་ཡུག་སྔར་བས་མཛེས་པ་ཞིག་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོའི་ནང་བོད་ཀྱི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་བོད་འཕེལ་རྒྱས་ཡོང་བར་ཐུགས་རེ་ཟབ་མོ་བཅངས་ལུགས་འདུས་ཡོད། “ལོ་གཅིག་སོང་ཡང་། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་སྔར་བཞིན་རྣ་བར་འཇགས་བཞིན་འདུག”ཅེས་གྲོང་ཁྱེར་ཚན་རྩལ་ཅུས་ནུས་རྒྱུ་དཔེ་སྟོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བྱམས་པ་བསྟན་ཆོས་ཀྱིས་བཤད་པ་དང་། ཁོང་གིས“གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལས་ཀའི་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མུ་མཐུད་དོན་འཁྱོལ་ཡག་པོ་དང་། ལས་ཀ་ཧུར་ཐག་སྒྲུབ་པ། ཧུར་སྐྱེད་ཡར་བརྩོན་བྱས་ཏེ། བྱ་སྤྱོད་ངོ་མར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་གཟབ་བཞེས་ལ་དྲིན་ལན་འཇལ་རྒྱུ་ཡིན”ཞེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ནས་ལོ་གཅིག་འཁོར་བའི་མཚམས་སུ། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་མདོ་བྲག་ཤང་བཀྲ་ཤིས་རྩེ་གྲོང་ཚོས་མཚོ་མོ་གྲམ་གླིང་འགྲམ་དུ“རི་སྔོན་ཆུ་དྭངས་སྲུང་། མཚོ་བསྐོར་ནས་གཙང་སྦྲར་བཅོས་སྒྲིག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་དང་བླངས་བྱ་སྤྱོད་སྤེལ་བ་རེད། བཀྲ་ཤིས་རྩེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་ཚེས“ཡུལ་མི་ཡོངས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་བོད་དུ་ཕེབས་ནས་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པའི་ཁར་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་དེ་བྱ་སྤྱོད་ངོ་མར་བརྟེན་ནས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།