ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་དམངས་ཕན་དང་ཞིང་ཕན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར7.26འགྲེམ་གཏོང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུ་དྲིལ་སྒྲོག་པུའུ་དང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གྲོང་མིའི་ཞབས་ཞུའི“གཱ་གཅིག་ཀུན་འཐུས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་གཞི་རྟེན་དུ་བྱས་པའི“གཱ་གཅིག་ཀུན་འཐུས”ཞབས་ཞུ་དོ་དམ་བྱེད་སྟངས་ཀྱི་ལས་དོན་གནས་ཚུལ་འཚོལ་ཞིབ་ཧུར་ཐག་བྱས་ནས། གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

ཤེས་གསལ་ལྟར་ན། 2017ལོའི་ཟླ8པར་ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་བྱང་བུ་དང་པོ་འགྲེམ་སྤེལ་བྱས་པ་ནས་བཟུང་། ལྗོངས་ཡོངས་སུ་སྤྱི་ཚོགས་འགན་བཅོལ་བྱང་བུ་ཁྲི334འགྲེམ་གཏོང་བྱས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་རོང་འབྲོག་པ་ཚུད་པའི་ལྗོངས་ཡོངས་ཀྱི་མི་འབོར92%ཡན་ལ་ཁྱབ་ཡོད། བོད་ལྗོངས་ཀྱིས་དམངས་ཕན་ཞིང་ཕན་ཁ་གསབ་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ“གཱ་གཅིག་ཀུན་འཐུས”འགྲེམ་གཏོང་གི་ཚོད་ལྟའི་ལས་དོན་སྤེལ་ནས། སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་དང་མ་མཐའི་འཚོ་བའི་འགན་ལེན། དབང་བོ་སྐྱོན་ཅན་གྱི་ཁ་གསབ། མཐའ་མཚམས་ཡུལ་མིའི་ཁ་གསབ་སོགས་ཀྱི་ཕན་བདེའི་ཐོབ་ཐང་གི“གཱ་གཅིག་ཀུན་འཐུས”མངོན་འགྱུར་བྱུང་ཡོད། ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱས་རྗེས། མང་ཚོགས་ལ་རིན་མེད་ངང་འཕྲིན་ཐུང་འབྱོར་བ་དང་གནས་ཚུལ་ཞིབ་གསལ་འདྲི་རྩད་བྱས་ནས། “སྡེ་ཁག་མང་པོ་ཞིག་དང་བྱང་བུ་མང་པོ་ཞིག”དང་། “མ་དངུལ་གྱི་ཡོང་ཁུངས་གསལ་པོ་མི་ཤེས་པ” “རྩིས་ཐོའི་དངུལ་གྲངས་གསལ་པོ་མི་ཤེས་པ”སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། མིག་སྔར། གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྤྱི་ཚོགས་འགན་བཅོལ་བྱང་བུའི་ཁ་གསབ་རིགས80འགྲེམ་གཏོང་བྱས་པ་དང་། དམངས་ཕན་ཞིང་ཕན་གྱི་རྣམ་གྲངས190ཡི་མ་དངུལ་སྒོར་དུང་ཕྱུར7.26ལ་སླེབས་ནས་མི་ཐེངས་ཁྲི139.14དང་འབྲེལ་བ་ཡོད།

རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྤྱི་ཚོགས་འགན་སྲུང་བྱང་བུའི་གྲོང་མིའི་ཞབས་ཞུའི“གཱ་གཅིག་ཀུན་འཐུས”ཞབས་ཞུའི་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྤྱི་ཚོགས་འགན་བཅོལ་བྱང་བུ་དེ་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་སྤྱོད་པར་ཤུགས་སྣོན་པས། སྤྱི་ཚོགས་འགན་བཅོལ་བྱང་བུ་དེ་ལས་སྒྲུབ་དཔང་འཛིན་དང་། སྨན་བཅོས་དང་སྨན་རྫས་ཉོ་སྒྲུབ། རྒན་གསོའི་དངུལ་ལེན་པ། འགྲིམ་འགྲུལ་ཕྱིར་སྐྱོད་སོགས་ཀྱི་ཐད་བེད་སྤྱོད་ཐུབ་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་མི95%ལྷག་གིས་སྤྱི་ཚོགས་འགན་སྲུང་བྱང་བུ་བརྒྱུད་དེ་རྒན་གསོའི་དངུལ་བླངས་ཡོད་ལ། གསར་དུ་བསྣན་པའི་ལས་འཁྱུར་ངལ་གསོ་མི་སྣའི་རྩ་དོན་ཐོག་ངེས་པར་དུ་སྤྱི་ཚོགས་འགན་བཅོལ་བྱང་བུ་བརྒྱུད་ནས་རྒན་གསོའི་དངུལ་འགྲེམ་གཏོང་བྱེད་དགོས་པ་བཏོན་ཡོད། དེ་དང་ཆབས་ཅིག བོད་ལྗོངས་ཀྱི་གློག་རྡུལ་སྤྱི་ཚོགས་འགན་བཅོལ་བྱང་བུས་སྲིད་དོན་ཞབས་ཞུའི་ལས་སྟེགས་ཨར་བཤེར་ཐོ་འགོད་བྱས་ནས། སྤྱི་སྤྱོད་རླངས་འཁོར་དུ་འདུག་པ་དང་། སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་འདྲི་རྩད། གློག་རིན་དང་འབར་རླངས་གྲོན་དངུལ་སྤྲོད་པ། དངོས་ཟོག་ཉོ་སྒྲུབ་དང་བཟའ་བཏུང་སོགས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་སྤྱོད་པ་མངོན་འགྱུར་བྱུང་བས་ཞབས་ཞུའི་ཕན་ནུས་སྔར་བས་ཆེ་རུ་ཕྱིན་ཡོད། །

རྗེས་མར། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་གཞི་རྟེན་དུ་བྱས་པའི“གཱ་གཅིག་ཀུན་འཐུས”ཞབས་ཞུ་དོ་དམ་བྱེད་སྟངས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་བཏོན་ནས། སྤྱི་ཚོགས་འགན་བཅོལ་བྱང་བུ་དང་གློག་རྡུལ་སྤྱི་ཚོགས་འགན་བཅོལ་བྱང་བུ་དེ་ལྗོངས་ཡོངས་ཀྱི་གཅིག་གྱུར་གྱི་སྲིད་དོན་ཞབས་ཞུའི་བྱང་བུ་ལྟ་བུར་སྐྲུན་ཏེ། སྤྱི་ཚོགས་འགན་བཅོལ་བྱང་བུ་ཡི་ལས་སྒྲུབ་འཛིན་ཡིག་དང་། ཐོབ་ཆ་འགྲེམ་གཏོང་། སྲིད་དོན་དོ་དམ་སོགས་ཞབས་ཞུའི་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས། བོད་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་གི“གཱ་གཅིག་ཀུན་འཐུས”ཞབས་ཞུའི་དོ་དམ་མ་ལག་ཅིག་ཧུར་ཐག་གིས་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།