ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཧི་མ་ལ་ཡར་མཛེས་རྒྱན་སྤྲས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་སྐོར་རགས་ཙམ་བཀོད་པ།

ཧི་མ་ལ་ཡའི་རི་རྒྱུད་དུ་ཀྱག་ཀྱོག་གི་རི་ལམ་སྤྱི་ལེ་2400ལྷག་ཙམ་ཡོད་པ་དང་གངས་རི་མུ་ཁྱུད་དུ་ཆགས་ཤིང་འགྱིང་ངེར་གནས། རི་མཐོ་གཡང་གཟར་གྱིས་དེ་གར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱང་ཕྱི་རོལ་གྱི་འཇིག་རྟེན་དང་འབྲེལ་ཐག་ཆད་ཡོད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་མགྱོགས་སུ་བཏང་བས། ཧི་མ་ལ་ཡའི་རི་ཁུལ་གྱི་ཐག་རིང་ལུང་ཁུག་གི་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

ཉིན་ཤས་གོང་། གསར་འགོད་པ་རླངས་འཁོར་ལ་བསྡད་ནས་རི་ལམ་ཀྱག་ཀྱོག་བརྒྱུད་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རོང་ཤར་ཤང་བྲིན་ཐང་གྲོང་ཚོར་བསྐྱོད་པ་ཡིན། ཕྱོགས་བཞི་རི་བོས་བསྐོར་བའི་འབུར་ཐང་ནི་བྲིན་ཐང་གྲོང་ཚོ་གནས་ཡུལ་རེད། ཡུལ་མི་ཚོས། ལོ་20ལྷག་ཙམ་གོང་དིང་རི་རྫོང་གྲོང་ནས་འདི་བར་རྐང་ཐང་མར་ཉིན་ཁ་ཤས་འགྲོ་དགོས་ཀྱི་ཡོད། ད་ཆ་རླངས་འཁོར་ལ་བསྡད་ན་ཆུ་ཚོད་3ཙམ་ལས་འགོར་གྱི་མེད་ཅེས་གསར་འགོད་པར་བཤད་བྱུང་།

དབྱར་དུས་ཀྱི་བྲིན་ཐང་གྲོང་ཚོའི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། གྲོང་ཚོའི་ཕྱི་རོལ་གྱི་མཁའ་དབྱིངས་སུ་སྤྲིན་དཀར་གང་སར་རྒྱུ་བ་དང་། གྲོང་ཚོའི་ནང་ནས་ཕྱུགས་ཟོག་གི་སྐེ་དྲིལ་གྱི་སྒྲ་ལྷང་ལྷང་དུ་གྲགས་བཞིན་མཆིས། བོད་བཟོའི་མཛེས་བཟོའི་ཉམས་འགྱུར་ལྡན་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོར་གནས་པ་དང་ཨར་འདམ་ལམ་དུད་ཁྱིམ་ཚང་མའི་སྒོ་འགྲམ་བར་བཏིངས་ཡོད།

རོང་ཤར་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་ཤིང་། གྲོག་རོང་དུ་ཆགས་པས་མིང་འདི་ལྟར་ཐོགས་པ་དང་ནེ་པ་ལ་དང་ས་སྦྲེལ་རེད། བྲིན་ཐང་གྲོང་ཚོ་ནི་ཤང་དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་རེད། དེ་སྔ་འགྲིམ་འགྲུལ་སྟབས་བདེ་མེད་པའི་རྐྱེན་གྱིས་དིང་རི་རྫོང་གི་མི་མང་པོ་ཞིག་གིས་རི་སུལ་དུ་གནས་པའི་རོང་ཤར་ཟེར་བ་ཐོས་མྱོང་མེད། དེ་གའི་མང་ཚོགས་རྣམས་ཉི་འོད་ཞན་ལ་གྲང་བའི་རྡོ་ཁང་གོག་ཧྲུལ་དུ་སྡོད་ཀྱི་ཡོད།

2015ལོའི་ཟླ་4པར། ནེ་པ་ལར་ས་ཡོམ་བརྒྱབ་པའི་དབང་གིས་རོང་ཤར་ཤང་ལ་གནོད་འཚེ་ཚབས་ཆེན་ཕོག་སྟབས། བོད་རང་སྐྱོང་ལྗོངས་ཀྱིས་འཕྲལ་དུ་གེགས་རྗེས་བསྐྱར་སྐྲུན་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་འགོ་ཚུགས།

ལོ་7སོང་རྗེས། དེ་གའི་རྣམ་པ་གསར་རྐྱང་དུ་གྱུར་པ་སྟེ། གཞུང་ལམ་ཤར་གཏོང་ཐུབ་པ་མ་ཟད། ཁ་པར་གྱི་བརྡ་རྟགས་དང་དྲ་ཆེན་ཡང་ཤར་གཏོང་ཐུབ་ནས་ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད། བྲིན་ཐང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཟླ་བ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་ཕྱོགས་མི་མང་པོ་སྒེར་འཁོར་བཏང་ནས་རོང་ཤར་ལུང་ཤུར་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པར་ཡོང་གི་འདུག ས་གནས་དེ་གའི་ཡུལ་མི་ཚོས་ཁྱིམ་ཚང་མགྲོན་ཁང་དང་ཇ་ཁང་གཉེར་ནས་ཡུལ་སྐོར་ཡོང་འབབ་གསོག་གི་ཡོད།

བྲིན་ཐང་གྲོང་ཚོའི་ཡུལ་མི་འཕྲིན་ལས་ལྷ་སའི་ཀོག་ཧྥེ་ཁང་ཞིག་ཏུ་ལས་ཀ་ལོ་9བྱས་རྗེས། ན་ནིང་ཕ་ཡུལ་དུ་ལོག་ནས་བོད་ཟས་སྣ་ཚོགས་དང་། སི་ཁྲོན་གྱི་ཚལ་རིགས། ད་དུང་ནེ་པ་ལའི་ཟས་རིགས་བཅས་ཡོད་པའི་བོད་ཟས་ཁང་ཞིག་བཙུགས་པར་ས་གནས་དེ་ག་དང་ཡུལ་གཞན་གྱི་སྐུ་མགྲོན་གྱིས་དགའ་པོ་བྱེད།

“ད་ཆ་མཐའ་མཚམས་འཛུགས་སྐྲུན་བྱས་རྗེས། གྲོང་ཚོའི་རྣམ་པ་ཇེ་མཛེས་སུ་ཕྱིན་ནས་ལྟ་སྐོར་དང་ཡུལ་སྐོར་ལ་ཡོང་མཁན་མང་དུ་འགྲོ་བཞིན་ཡོད”ཅེས་འཕྲིན་ལས་ཀྱིས་བཤད་པ་དང་། ཁོང་གིས་མིག་སྔར་ཟ་ཁང་ལ་ཟླ་རེར་ཡོང་འབབ་སྒོར་ཁྲི་1ཙམ་ཡོང་གི་འདུག་ཅེས་བཤད།

ཧི་མ་ལ་ཡའི་རི་རྒྱུད་བརྒྱུད་ནས་ཤར་དུ་བསྐྱོད་ཚེ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་རྒྱལ་ནོར་བུ་གྲོང་ཚོར་སླེབས་ཀྱི་ཡོད། དེ་གར་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་ཚང་མ་འཛོམས་པ་དང་། ཡུལ་མི་རྣམས་རྒྱ་ཆེ་ལ་དཀར་ཆ་དོད་ཅིང་ཚ་གྲང་སྙོམས་པའི་ཁང་པར་སྡོད་པ་མ་ཟད། སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེན་པོར་དུས་བཞིར་སྔོ་ཐིང་ཐིང་དུ་སྐྱེ་བའི་ཚལ་རིགས་མཐོང་རྒྱུ་ཡོད།

ཡུལ་མི་བསོད་ནམས་ཆོས་འཕེལ་གྱིས། ལོ་10ཡི་གོང་འདི་གར་ཕྱུགས་འཚོ་སྐབས་གློག་དང་བརྡ་རྟགས་མེད་པ་མ་ཟད། གངས་ཆེན་པོ་འབབ་དུས་ལོ་ཕྱེད་ཙམ་རི་རྒྱ་སྡོམ་གྱི་ཡོད། ད་ཆ་སྔོན་མ་དང་མི་འདྲ་བར་ཕྱི་ཕྱོགས་དང་འབྲེལ་བ་ཆད་པའི་སེམས་ཁྲལ་མི་འདུག་ཅེས་བཤད།

“སྨུག་སྤྲིན་ཡུལ་ལྗོངས་སུམ་རྩེན་གནས་ལ་འགྲན། ཡིད་འཕྲོག་རྩ་རིའི་མཛེས་སྡུག་སྲིད་ན་དཀོན” ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། མི་རིགས་ཁག་གི་མང་ཚོགས་སྡོད་ཁང་གསར་པར་སྡོད་པ་མ་ཟད། དེ་སྔའི་མཐའ་མཚམས་ལུང་ཁུག་གི་རི་གྲོང་ད་ཆ་མཛེས་སྡུག་ལྷག་པར་ལྡན་པའི“མཐའ་མཚམས་ཀྱི་མུ་ཏིག”ལྟ་བུར་གྱུར་ཡོད།

རྩ་རི་ཤང་ལྷོ་པ་གྲོང་ཚོར་གྲལ་སྟར་འགྲིག་པའི་བོད་བཟོའི“རི་འདབས་སྤྲོ་ཁང”ཡོད་པ་ཕུད། ད་དུང་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་བཟོ་གྲྭ་ཡང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེ་གའི་རི་སྟེང་དུ་སྨྱུག་མས་ཁེངས་ཤིང་། ཤང་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་མང་ཚོགས་ལ་སྨྱུག་ཆས་ལས་སྣོན་བཟོ་གྲྭ་བཙུགས་ནས་སྨྱུག་མའི་སླེལ་པོ་སླ་བའི་སྐུལ་ལྕག་བྱས་ཏེ་མང་ཚོགས་ཀྱི་ཕྱུག་འགྱུར་ལ་ཁྲིད་སྟོན་བྱས་ཡོད།

བྲིན་ཐང་གྲོང་ཚོ་དང་། རྒྱལ་ནོར་བུ་གྲོང་ཚོ། ལྷོ་པ་གྲོང་ཚོ་བཅས་ནི་རང་རྒྱལ་གྱི་ཧི་མ་ལ་ཡའི་རི་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་དཔེ་མཚོན་ཙམ་རེད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་ཡོད། 2021ལོའི་ལོ་མཇུག་བར། བོད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ནས་མཐའ་མཚམས་མི་སེར་གྱི་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།