ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཀོང་ཏུང་བོད་སྐྱོར་གྱིས་ཉིང་ཁྲི་ས་མཐོའི་ཇ་ལོའི་ཕ་ཡུལ་དུ་འགྱུར་བར་རོགས་རམ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དེ་སྔ་བོད་ཀྱི་ཇ་ལོ་མང་ཆེ་བ་ལྗོངས་ཕྱི་ནས་དབོར་གྱི་ཡོད། ད་ཆ་ཉིང་ཁྲིར་ཇའི་ཐོན་ལས་འཕེལ་རྒྱས་ཕྱིན་ནས་བོད་ཀྱི་མང་ཚོགས་ཚོར་ཇ་ལོ་ཉོ་བར་སྟབས་བདེ་བསྐྲུན་ཡོད། ལྷག་དོན་དུ་ཀོང་ཏུང་བོད་སྐྱོར་གྱི་རོགས་རམ་འོག་ཉིང་ཁྲིའི་ཇའི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཕྱིན་ནས་ཉིང་ཁྲིའི་བཀྲག་མདངས་འཚེར་བའི་མིང་བྱང་ལ་གྱུར་ཡོད།

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱི་མང་ཚོགས་སངས་རྒྱས་དོན་གྲུབ་ཀྱིས། འདི་ལོ་ཇ་ལོར་བརྟེན་ནས་ཡོང་འབབ་སྒོར་ཁྲི་3ཙམ་འབབ་བཟོ་འདུག དེ་སྔ་ནང་མི་ཚང་མས་ཆུ་འབྲས་དང་མ་རྨོས་ལོ་ཏོག་འདེབས་པ་དང་སྔ་ཐོན་ཕྱི་ལོག་གིས་དཀའ་ལས་བརྒྱབ་ཀྱང་འཚོ་བ་ཕྱིད་ཙམ་ལས་མེད་ཅེས་བཤད། ཇ་ལོ་ནི་སངས་རྒྱས་དོན་གྲུབ་ཀྱི་ངོས་ནས་བརྗོད་ན་ཕྱུག་འགྱུར་ལམ་བུར་སྐྱོད་པའི་ཐབས་ལམ་ཞིག་ཡིན་པ་དང་ཇ་ལོས་ཁོང་ཁྱིམ་ལ་རེ་བ་དང་སེམས་ཤུགས་སྦྱིན་ཡོད།

“ལོ་ཤས་གོང་ཉམས་མྱོང་མི་འདང་བའི་དབང་གིས་ང་ཚོས་ས་ཆ་གཞན་ནས་ཇ་སོན་དབོར་ཏེ་འདེབས་འཛུགས་བྱས་པས་གསོན་ཚད་ཧ་ཅང་དམའ་པོ་རེད། རྗེས་སུ་ཀོང་ཏུང་གི་རིགས་གཅིག་མཁས་ཅན་གྱི་རོགས་རམ་འོག་ད་ཆ་ཇ་ལོ་གསོན་ཚད་95%ཡན་རྒྱུན་འཁྱོངས་ཐུབ་ཀྱི་འདུག”ཅེས་སངས་རྒྱས་དོན་གྲུབ་ཀྱིས་བཤད། 2019ལོར་ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་འབྲེལ་གཏུག་བྱས་ནས་ཀོང་ཏུང་གི་སྤུས་ལེགས་ཇ་སོན་མུའུ་2000ཙམ་ནང་འདྲེན་དང་བཏབ་པར་མེ་ཏོག་གི་ཇ་ལོའི་སྣ་ཁ་དང་ཐོན་རྫས་ཀྱི་གྲུབ་ཆ་ཕུན་སུམ་ཚོགས་སུ་ཕྱིན་ཏེ་2021ལོའི་ལོ་འགོར་ཇ་སོན་དེར་ཇ་ལོ་ཐོན་པ་རེད།

མིག་སྔར་མེ་ཏོག་རྫོང་དུ་ཇ་འདེབས་ཁྱོན་མུའུ་ཁྲི་1.69ལྷག་ཙམ་ཟིན་པ་དང་། འཐུ་ཁྱོན་མུའུ་5080ཟིན་པ། 2019ལོར་ཇ་ལོ་རྒྱ་མ་ཁྲི་25ཙམ་ཐོན་ནས་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་606ཡོང་བར་སྐུལ་མ་ཐེབས་ཡོད། ཇ་ལོ་འཐུ་བའི་དུས་ཚིགས་སུ་ཉིན་ལྟར་ཇ་ལོ་རྒྱ་མ་2000ནས་3000བར་འཐུ་རྒྱུ་ཡོད་པ་དང་ས་གནས་དེ་གའི་ཞིང་འབྲོག་པར་ཉིན་རེར་ཡོང་འབབ་སྒོར་ཁྲི་6ནས་10བར་རག་གི་ཡོད། ཐོན་འབབ་ལེགས་དུས་ཀྱི་ཇ་ལོ་ལོ་རེ་བཞིན་མང་དུ་འགྲོ་བ་དང་ཆབས་ཅིག་ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་ཀྱང་སྔར་བས་མང་དུ་འགྲོ་རྒྱུ་རེད།

“རི་མཐོ་ཞིང་སྨུག་པའི་ཁྲོད་གནས་པའི་ཇ་ལོའི་སྤུས་ཀ་ཧ་ཅང་ལེགས་པོ་ཡོད། སྐྱོན་ཆ་འབའ་ཞིག་དེ་ནི་ཡིད་འོང་ལུང་ཤུར་གྱི་ལོ་ལྟར་གྱི་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་10ལས་དམའ་བ་ཡོད་པ་དང་དུས་ཚོད་དེའི་ནང་ཇ་ལོའི་སྐྱེ་འཚར་ཡག་པོ་མེད་པ་དང་ཇ་ལོ་སྐྱེ་བར་དུས་ཚོད་རིང་པོ་འགོར་གྱི་ཡོད། ཐོན་ཚད་མཐོ་པོ་མེད་ཀྱང་ཇའི་སྤུས་ཚད་འགན་ལེན་ཐུབ་ཀྱི་ཡོད”ཅེས་ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་ཡིད་འོང་ཇ་རའི་རིགས་གཅིག་མཁས་ཅན་ཧོང་ཧྭ་ལིན་གྱིས་བཤད།

2013ལོའི་ཟླ་6པ་ནས་ད་བར་ཀོང་ཏུང་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན་གྱིས་ཡིད་འོང་ཇ་རར་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། “ཁེ་ལས་དང་། རྟེན་གཞི། ཇ་འདེབས་ཞིང་པ”བཅས་ཟུང་དུ་འབྲེལ་བའི་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་རྣམ་པ་བཏོད་དེ་ཇ་འདེབས་ཞིང་པ་དང་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་བཙུགས་ཡོད།

ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་ཡིད་འོང་ཇ་རའི་ལས་དོན་ཚོགས་ཆུང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། 2020ལོར་ཇ་ཞིང་དུ་འཐུ་ཆོག་པའི་ཇ་ལོའི་རྒྱ་ཁྱོན་འཕར་ཚད་30%ཡང་མི་ལོན་པའི་གནས་ཚུལ་འོག་ཇ་ལོ་ཕྲ་མོའི་མུའུ་རེའི་ཐོན་ཚད་53.6%འཕར་བ་དང་། ཐོན་སྐྱེད་གཉེར་སྐྱོང་ཐད་ཡིད་འོང་ཇ་རར་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་2020ལོར་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་2740ཟིན་པ་དེ་དུས་མཚུངས་ལས་77%འཕར་བ་དང་། ཇ་པ་ཏི་དང་ཇ་ལྗང་རྒྱ་མ་ཁྲི་2.1ཐོན་སྐྱེད་བྱས་པ་དེ་དུས་མཚུངས་ལས་61.5%འཕར་བ་རེད།

ཀོང་ཏུང་བོད་སྐྱོར་གྱིས་རོགས་རམ་བྱས་པར་བརྟེན། ད་ཆ་ཇའི་ཐོན་ལས་ཉིང་ཁྲི་གྲོང་ཁྱེར་གྱི་སྤོ་བོ་རྫོང་དང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་བཅས་ལ་ཁྱབ་ཡོད། ཉིང་ཁྲི་ནས་ཐོན་པའི་སྤུས་ཀ་ལེགས་པའི་ཇ་ལོ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་པ་དང“ས་མཐོའི་ཇ་ལོའི་ཕ་ཡུལ”གྱི་མཚན་སྙན་ཡང་ཇ་ལོར་བརྟེན་ནས་ཕྱོགས་བཞིར་སྐད་གྲགས་ཆོད། ཇ་ལོ་ཆུང་ངུ་ཐོན་ལས་ཆེན་པོར་གྱུར་ནས་ཉིང་ཁྲི་སྔར་བས་འཕེལ་རྒྱས་ཡོང་བར་རམ་འདེགས་ཐུབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།