ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

​བོད་ལྗོངས་ཀྱི་གཞུང་ལམ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་ནས་དམངས་འཚོར་རམ་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུ་དྲིལ་སྒྲོག་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དྲིལ་སྒྲོག་བྱས་པ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་བོད་ལྗོངས་ཡོངས་སུ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི6.52ནས་སྤྱི་ལེ་ཁྲི12.07ལ་སླེབས་ཡོད་ཅེས་ཁྱབ་བསྒྲགས་བྱས། ཤེས་གསལ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་ཏུ་བོད་ལྗོངས་ཀྱི་གཞུང་ལམ་ཁྱབ་ཚད་སྤྱི་ལེ་གྲུ་བཞི་མ་བརྒྱ་རེར་སྤྱི་ལེ5.31ཙམ་ནས། མིག་སྔར་སྤྱི་ལེ་གྲུ་བཞི་མ་བརྒྱ་རེར9.78བར་འཕར་ཡོད།

འགྲིམ་འགྲུལ་སྐྱེལ་འདྲེན་ནི་བོད་ལྗོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་མ་ཟད། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་གི་འགན་ལེན་ཞིག་དང་། རྒྱལ་སྲུང་བདེ་འཇགས་ཀྱི་རྨང་གཞི་དང་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་ལྟ་བུ་ཡིན། ལུགས་མཐུན་གྱིས་གཞུང་ལམ་བཀོད་སྒྲིག་དང་མགྱོགས་མྱུར་སྒོས་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཧ་ཅང་ཡག་པོ་མཁོ་འདོན་བྱས་ཡོད། 2022ལོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཐོག་ནས་མངོན་པ་ལྟར་ན། ལྷ་ས་ནས་ནག་ཆུ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ལ། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་སོ་སོར100%དང99.96%ཟིན་ཞིང་། གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི12བཅས་ཟིན་ཡོད། ང་ཚོས་གཞི་གྲངས་འདི་དག་ལས་བོད་ལྗོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བཀོད་སྒྲིག་ཐད་མ་འཇོག་ནུས་ལྡན་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་བྱས་པ་མ་ཟད། ས་ཞིང་དང་། སྤྱོད་ནུས། ཁོར་ཡུག་དཔྱད་དཔོག་སོགས་ཀྱི་འགན་ལེན་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་ནས། ཕྱོགས་ཡོངས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་སོང་ནས། ནུས་པ་ལྡན་པའི་སྒོ་ནས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐྲུལ་འདེད་བྱས་པ་མཐོང་ཐུབ། སྤྱིའི་ཆ་ནས་བལྟས་ན། བོད་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྲུན་དང་དོ་དམ། བདག་སྐྱོང་། གཉེར་སྐྱོང་སོགས་ཀྱི་བྱ་གཞག་ཁག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས། བོད་ལྗོངས་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་འགན་ལེན་ནུས་ལྡན་བྱུང་བ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་བསྩལ་ཡོད།

2013ལོའི་ཟླ10པར། མེ་ཏོག་གཞུང་ལམ་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་མགོ་ཚུགས་པ་དང་། སྤྱིའི་རིང་ཚད་སྤྱི་ལེ117ཡོད་པའི་ལམ་བུ་དེས་མེ་ཏོག་གི་མང་ཚོགས་ལ་དངོས་ཕན་དང་སྟབས་བདེ་བསྐྲུན་ཡོད། བསྡོམས་རྩིས་ལྟར་ན། མེ་ཏོག་གི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2012ལོའི་སྒོར4875ནས2021ལོའི་སྒོར15278བར་འཕར་ཞིང་། 2019ལོའི་ལོ་མཇུག་ཏུ་མེ་ཏོག་དང་བོད་ལྗོངས་ཀྱི་རྫོང(ཆུས)གཞན་པ73ཚང་མ་མཉམ་དུ་དབུལ་ཐར་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་དབུལ་རྐྱང་སེལ་ཡོད། གཞུང་ལམ་ཤར་གཏོང་ཐུབ་རྗེས་མི་མང་པོ་ཞིག་གིས་ཟོག་འདྲེན་རླངས་འཁོར་དང་། རླངས་འཁོར་ཆུང་གྲས། རྐོ་འདྲུའི་འཕྲུལ་འཁོར་སོགས་ཉོས་ནས་སྐྱེལ་འདྲེན་དང་ཡང་ན་རྨང་གཞིའི་འཛུགས་སྐྲུན་ལས་རིགས་གཉེར་བས་ཡོང་འབབ་སྔར་ལས་ཇེ་མང་དུ་སོང་ཡོད།

ནག་ཆུ་གྲོང་ཁྱེར་ཀོ་ལུག་གྲོང་རྡལ་ངོ་དམར་གཞུང་གྲོང་ཚོའི་གྲོང་མི་བསོད་ལོ་ཁྱིམ་མི་གང་བོ་ལ་ནག་ཆུ་དང་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་པ་ལས་ཕན་ཐོགས་ནས། གཞུང་ལམ་འཛུགས་སྐྲུན་བྱ་ཡུལ་དུ་ལས་ཀ་བྱས་ནས་མ་རྩ་ཕྲན་བུ་བསགས་རྗེས་ཇ་ཁང་དང་མགྲོན་ཁང་བཙུགས་ཏེ་ཡོང་འབབ་ལྡབ་ཁ་ཤས་ཀྱིས་འཕར་ཡོད། ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྗེས། ཡངས་པ་ཅན་ས་འོག་ཚ་ནུས་ཆུ་ཚན་དང་། གོར་ཆུང་གངས་རིའི་འཁྱགས་རོམ། གཉན་ཆེན་ཐང་ལྷ། གནམ་མཚོ་སོགས་མཛེས་ལྗོངས་ཁུལ་དང་སྦྲེལ་མཐུད་ཐུབ་པས། ཡང་བློ་རིག་ལྡན་པའི་བསོད་ལོས་རླངས་འཁོར་ཉོས་ནས་ཡུལ་སྐོར་བ་འགྲུལ་སྐྱེལ་བྱེད་པའི་ཐབས་བཟང་ཞིག་རྙེད་པ་རེད།

གཏམ་རྒྱུད་དེ་དག་གི་རྒྱབ་ཕྱོགས་སུ་ང་ཚོས་མཐོང་བ་ནི། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྒྲིག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དེ་ཡིན་ལ། བསྡོམས་རྩིས་ལྟར་ན། 2021ལོར་བོད་ལྗོངས་ཀྱིས་བསྡོམས་པས་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར276.95དོན་འཁྱོལ་བྱས་ནས་གཞུང་ལམ་འགྲིམ་འགྲུལ་གྱི་དྲ་རྒྱ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། བོད་ལྗོངས་ཀྱི་འགྲིམ་འགྲུལ་དེ་ཉེན་ཁ་ཆེ་ཞིང་སྟབས་བདེ་མིན་པ་ནས་བགྲོད་ལམ་ཡོད་ཚད་ཤར་གཏོང་ཐུབ་པ་མངོན་འགྱུར་བྱུང་ཡོད།

མིག་སྔར། བོད་ལྗོངས་ཡོངས་ཀྱི་རིམ་མཐོ(མྱུར་ལམ)གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག2012ལོའི་ལོ་མཇུག་གི་སྤྱི་ལེ38ནས་མིག་སྔའི་སྤྱི་ལེ1105བར་མང་དུ་ཕྱིན་པ་དང་། ལྷ་ས་ལྟེ་བར་བྱས་པའི“ཆུ་ཚོད3རིང་གི་ཕྱོགས་བསྡུས་འགྲིམ་འགྲུལ་མུ་བསྐོར”ཞིག་མགྱོགས་མྱུར་ངང་ཆགས་བཞིན་ཡོད། ལྷ་ས་ལྟེ་བར་བྱས་པ་དང་། བོད་ལྗོངས་ཕྱི་ནང་ཕན་ཚུན་སྦྲེལ་བ། ས་ཁུལ་དང་གྲོང་ཁྱེར་བར་སྦྲེལ་བ། རྫོང་དང་ཤང་། གྲོང་ཚོ་བཅས་བར་ཤར་གཏོང་ཐུབ་པའི་བཀོད་པ་ལུགས་མཐུན་དང་ནུས་པ་ཆ་ཚང་བའི་གཞུང་ལམ་གྱི་འགྲིམ་འགྲུལ་དྲ་བ་ཞིག་གཞི་རྩའི་ཆ་ནས་ཆགས་ཡོད། ཤེས་གསལ་ལྟར་ན། 2012ལོ་ནས་ད་ལོའི་ཟླ6པའི་ཟླ་མཇུག་བར་བོད་ལྗོངས་ཡོངས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3399.49བཏང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་འགྲིམ་འགྲུལ་དང་ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ལེགས་བཅོས་ཆེན་པོ་བྱུང་བ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ལྡན་པས་གངས་ལྗོངས་ས་མཐོར་འཚོ་བ་སྐྱེལ་མཁན་མང་ཚོགས་ལ་ཐོབ་སྣང་ཆེན་པོ་སྐྱེས་ཡོད་ལ། འབྱུང་འགྱུར་གྱི་བོད་ལྗོངས་ནི་སྔར་ལས་མཛེས་སྡུག་ལྡན་པ་ཞིག་འགྱུར་ངེས་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།