ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ620ཚང་མ་བསྐྲུན་ཟིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རི་ལམ་ཀྱག་ཀྱོག་བརྒྱུད་རི་བོ་མང་པོ་བརྒལ་རྗེས་སྨུག་སྤྲིན་ལང་ལོང་དུ་འཕྱུར་བ་དང་གནམ་གཤིས་འགྱུར་ལྡོག་ཧ་ཅང་ཆེ་བའི་ནགས་གསེབ་ཏུ་སླེབས་ཀྱི་ཡོད། གསར་དུ་བསྐྲུན་པའི་གཞུང་ལམ་བརྒྱུད་ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་ཁ་ཤས་བསྐྱོད་རྗེས་རི་ཚོགས་ཀྱིས་བསྐོར་བའི་གྲོང་རྡལ་ཆུང་ངུ་ཞིག་མིག་ལམ་དུ་རིམ་གྱིས་འཆར་ཞིང་། དེ་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་རེད།

དེ་སྔ་དེ་གར་ཕྱུགས་འཚོ་ཞོར་དུ་མཐའ་མཚམས་སྲུང་བའི་ཤང་ཀྲང་རྒན་གྲས་སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ལས་མེད། “ད་ཆ་ཡུལ་སྨད་ལ་ཡུལ་མི་དུད་ཚང་67དང་མི་240ཡོད་པ་དང་། གློག་དང་། ལམ། 5Gདྲ་རྒྱ། སྨན་བཅོས། དངུལ་རྩ་སོགས་ཀྱི་སྒྲིག་བཀོད་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཡོད” ཅེས་ཡུལ་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཞོལ་མིན་གྱིས་བཤད།

གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ནི་ཡུལ་སྨད་ཤང་ནས་ཐོན་པའི་སློབ་ཆེན་སློབ་མ་དང་པོ་དེ་ཡིན་པ་དང་། ད་ཆ་ཁོང་ཕ་ཡུལ་དུ་ལོག་ནས་ཡུལ་སྨད་གྲོང་ཚོའི་ཧྲུའུ་ཅི་དང་པོར་གྱུར་ཡོད། ཉིན་ལྟར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཡུལ་སྨད་ཤང་གི་མང་ཚོགས་བྱེད་སྒོའི་ཐང་ཆེན་དང་། སློབ་ཆུང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བཅས་སུ་སྒྲེང་གི་ཡོད་ལ། ཡུལ་མི་ཚོའི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་གི་ཐོག་ཁར་ཡང་འཛུགས་ཀྱི་ཡོད།

བོད་ལྗོངས་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་ཞིང་། མཐའ་མཚམས་རྫོང་21ཡོད། མཐའ་མཚམས་རྫོང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རྒྱུ་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། 2017ལོའི་ཟླ་10ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ནང“ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་འབྲོག་པ་མང་ཚོགས་སྔར་བས་མང་བའི་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་རེ་བ་ཡོད”ཅེས་འཁོད་ཡོད།

2018ལོ་ནས་བཟུང་བོད་ཀྱིས་མཐའ་མཚམས་རྫོང་21ལ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འདུ་འགོད་ལག་ལེན་བསྟར་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་མཐོ་རུ་བཅས་བཏང་ཡོད། ད་བར་མཐའ་མཚམས་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང(གྲོང་རྡལ)ཚང་མར་སྣུར་བསྲིང་ཐུབ་པ། གྲོང་ཚོ་ཚང་མར་སྦྲག་སྲིད་དང་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཁྱབ་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་པ། ཐག་ཉེ་སར་སློབ་ཞུགས་དང་སྨན་བཅོས་ཐུབ་པ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་བ་དང་མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་ཡུལ་མི་དེ་བས་མང་བ་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད།

མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོར་སྐྱོད་སྐབས་གྲལ་སྟར་འགྲིག་པའི་བོད་བཟོའི་ཁང་པ་སྟར་པ་མང་པོ་དང་། མདའ་ལྟར་འདྲོང་ལ་ཁོད་སྙོམས་པའི་ཨར་འདམ་ལམ་ཚང་མ་སྒོ་ཁར་ཤར་གཏོང་ཐུབ་པ། ཐོག་སྔོན་པོ་དང་། གྱང་དཀར་པོ། ཚོན་ཅན་མདའ་ཡབ་བཅས་ཀྱིས་བརྒྱན་པའི་སྒོ་རའི་མཐའ་འཁོར་དུ་སྡོང་ཕྲུག་གྲལ་སྟར་འགྲིག་པོར་བཙུགས་འདུག ཐོག་མར་བརྒྱབ་པའི་རགས་སྐྱོར་ཁང་པ་ནས་ཨར་འདམ་ལྕགས་རྩིབ་མའི་ཁང་པ་དང་། དེ་ནས་ད་ཆའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་བར་འགྱུར་ལྡོག་ཐེངས་ལྔ་ཙམ་བྱུང་ཡོད། ལོ་70ལ་སླེབས་པའི་བསོད་ནམས་ལྷ་མོས“ཏང་དང་སྲིད་གཞུང་གིས་ང་ཚོར་ཁྱོན་ཁང་པ་ཐེངས་5བརྒྱབ་ཡོད། ཁང་པ་སྔར་བས་རྒྱ་ཆེ་ལ་དཀར་ཆ་དོད་དུ་ཕྱིན་ཏེ་ད་ཆ་གྲོང་ཁྱེར་ནང་གི་ཁང་པ་དང་འདྲ་པོ་རེད”ཅེས་བཤད།

གངས་རིའི་འདབས་སུ་ལུག་ཁྱུ་རྣམས་བག་ཕེབས་ངང་རྩྭ་ཆུར་རོལ་བཞིན་མཆིས། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གམ་པ་གྲོང་རྡལ་སྨོན་སྡེ་གྲོང་ཚོའི་རྒྱ་ཁྱོན་མུའུ་36ཟིན་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དུ་ལྷས་ར་དང་། ཕྱུགས་རིགས་སྨན་ཁང་། ཚོད་ལྟ་ཁང་། གཟན་ཁང་། གཟན་ཆག་ལས་སྣོན་ཁང་བཅས་གཅིག་ཏུ་འདུས་ཡོད། མཉམ་ལས་ཁང་གི་འགན་འཁུར་བ་དབང་འདུས་གྲགས་པས“གམ་པའི་ལུག་ཤ་ཉེ་རིང་གང་སར་སྐད་གྲཌ་ཡོད། ང་ཚོས་ལག་གསོས་དང་ཕྱེད་ལག་གསོས་བྱེད་སྟངས་སྤྱད་དེ་སྔོན་ཐོན་ལག་རྩལ་ནང་འདྲེན་བྱས་ནས་ལུག་བཤས་གཏོང་ཚད་མཐོ་རུ་གཏོང་གི་ཡོད། མིག་སྔར་གྲོང་ཚོ་ཡོངས་ཀྱི་དུད་ཚང་78ཀྱི་མི་303མཉམ་ལས་ཁང་ནང་ཞུགས་པ་དང་། 2021ལོའི་ལས་སྒོ་གཙོ་བོའི་ཡོང་འབབ་སྒོར་ཁྲི་137ལྷག་ཙམ་ཟིན་གྱི་ཡོད”ཅེས་བཤད།

ཉེ་བའི་ལོ་ཤས་རིང་གམ་པ་རྫོང་གིས་གམ་པའི་ལུག་གི་སྤུས་རྟགས་གཏོད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྒོར་ཁྲི་456གྲབས་གསོག་བྱས་ཏེ་གམ་པའི་ལུག་གི་ཐོན་ལས་སྤུས་ཚད་བདེ་འཇགས་ཀྱི་ཁུངས་འདེད་མ་ལག་དང་ཐོན་ལས་གྲངས་གཞི་ཆེ་མོའི་ལྟེ་གནས་བཙུགས་པས་གམ་པའི་ལུག་འབྲོག་ར་ནས་གསོལ་ལྕོག་བར་གྱི“སྤུས་རྟགས་རེར་ཨང་རྟགས་རེའི”བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་ཡོད་པ་རེད། ན་ནིང་རྫོང་ཡོངས་སུ་གམ་པའི་ལུག་གསོ་ཚགས་གྲངས་འབོར་ཁྲི་20.3ཟིན་ནས་ལུག་ཐོན་ལས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི་5952.3ཟིན་ཡོད་པ་རེད།

རྒྱང་ཁྲིད་འབྲེལ་གཏུག་བྱས་པ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་དར་དམར་གྲོང་ཚོའི་གྲོང་གསེབ་སྨན་པ་ཉི་མས་བྲང་ཁར་ན་ཟུག་བཏང་བའི་ནད་པ་ཞིག་གི་སྙིང་པར་གྲངས་གཞི་དང་སྨན་བཅོས་འདུན་ཞུ་སོགས་རྫོང་མི་དམངས་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཚན་ཁག་ཏུ་བསྐུར་བ་རེད། རྫོང་སྨན་ཁང་གི་སྨན་པས་ཉི་མར་བརྟག་དཔྱད་བྱས་འབྲས་དང“རྒྱུན་གཏན་དང་མི་འདྲ་བ་མཐོང་རྒྱུ་མི་འདུག ངལ་གསོ་ཡག་པོ་བརྒྱབ་ནས་སྙིང་པར་ལྟ་དཔྱད་ཚད་ལེན་ཡག་པོ་བྱེད་དགོས”ཞེས་པའི་སྨན་པའི་མངགས་བྱ་མགྱོགས་མྱུར་བརྒྱུད་བསྐུར་བྱས། བརྟག་དཔྱད་བྱས་འབྲས་ཤེས་རྗེས་ཉི་མ་དང་ནད་པ་གཉིས་ཀ་སེམས་པ་ལྷོད་ལ་བབས་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་སྡོད་གནས་ཁ་ཐོར་ཡིན་པའི་ཁྱད་ཆོས་ལ་དམིགས་ནས་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་1542གྲབས་གསོག་བྱས་ཏེ་ཉིང་ཁྲིའི་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་རྒྱང་ཁྲིད་སྨན་བཅོས་མ་ལག་བསྐྲུན་ནས་ཤང་གྲོང་གི་འཕྲོད་བསྟེན་ཁང་55དང་ཐག་རིང་ལུང་ཁུག་གི་གྲོང་ཚོ་144ལ་ཁྱབ་པས་ཞིང་འབྲོག་པ་ཁྲི་3.5ཡི་རྒྱང་ཁྲིད་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐུབ་ཡོད་པ་རེད།

མཐའ་མཚམས་དར་ན་མཐའ་མཚམས་མི་སེར་ཕྱུག་པོར་འགྱུར་བ་དང་། མཐའ་མཚམས་མི་སེར་ཕྱུག་པོར་གྱུར་ན་མཐའ་སྲུང་སྲ་བརྟན་ཡོང་ཐུབ། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་བོད་རང་སྐྱོང་ལྗོངས་ཀྱིས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ་རེད། 2021ལོའི་ལོ་མཇུག་བར་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་620ལྷག་ཙམ་ཚང་མ་བསྐྲུན་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།