མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་རྒྱལ་བུན་གཤམ་སྐྱེལ་ལ་སྐུལ་སྤེལ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་དང་རྒྱལ་མཛོད་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ལག་ལེན་བསྟར་ཆེད། ཉེ་ཆར། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་དཔལ་འབར་གྲོང་རྡལ་ལས་གཉེར་ཁང་ལ་བརྟེན་ནས། “རྒྱལ་བུན་གཤམ་སྐྱེལ”གྱི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་མ་འཇོག་འབྱོར་སྐྱོང་གི་ཐབས་ལམ་མང་དུ་གཏོང་རོགས་བྱས་ཤིང་། ཞིང་འབྲོག་མང་ཚོགས་དེ་བས་མང་བར་ཀུན་ཕན་དངུལ་རྩ་འཕེལ་རྒྱས་བྱུང་ནས་ཁེ་སྤོགས་ལོངས་སྤྱོད་བྱེད་པའི་གོ་སྐབས་ཐོབ་པར་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི“རྒྱལ་བུན་གཤམ་སྐྱེལ”བྱེད་སྒོར་གོ་བདེ་ཤེས་སླའི་བྱེད་ཐབས་སྤྱད་ནས་རྒྱལ་བུན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་། ས་གནས་ས་ཐོག་ཏུ་རྒྱལ་བུན་གྱི་དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ་དང་། དྲིལ་བསྒྲགས་ཀྱི་འཕྲེད་འགེལ་སྦྱར་ཡིག་དང་བརྡ་ཁྱབ་སྦྱོར་བ། བོད་རྒྱ་སྐད་རིགས་གཉིས་ནས་ཞིང་འབྲོག་མང་ཚོགས་ལ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་གཙོ་བོར་བརྟེན་ནས་ཞིང་འབྲོག་མང་ཚོགས་ལ་རྒྱལ་བུན་གྱི་ཁྱད་ཆོས་དང་། དུས་ཚད། ལེགས་ཆ་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ལྷག་དོན་དུ་རྒྱལ་བུན་གྱི་སྐྱེད་ཚད་དང་དུས་ཚད་ཐིམ་རྗེས་སྐྱེད་ཀ་སྤྲོད་སྟངས་སྤྲོད་ལུགས་ཀྱི་འབྲེལ་ཡོད་ནང་དོན་གཙོ་གནད་ཐོག་ངོ་སྤྲོད་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱིས་རྒྱལ་བུན་གྱི་ཁེ་འབབ་ཐད་ཀར་ཤེས་པར་བྱས་པ་དང་། རྒྱལ་བུན་གཤམ་སྐྱེལ་གྱི“མཐའ་མའི་འགག་གནད”བསལ་ཏེ་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་འབྱོར་སྐྱོང་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།