འབྲོག་རར་ནོར་ལུག་ཤ་ཤེད་རྒྱས། འོང་ཁར་སྙེ་མའི་མགོ་ལྕོག་ལྡེམ།

—— བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས།

0315b338-4919-4a84-bcfc-ecfb4138e4d3.jpg

འདི་ནི་གཞིས་རྩེ་གྲོང་ཁྱེར་ཞིང་འབྲོག་ལས་ཚན་རིག་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ཀྱི་ཞིང་ལས་ལག་རྩལ་ཆེ་མོ་བ་བདེ་སྐྱིད་གཡང་འཛོམས(གཡས་ཀྱི་གཉིས་པ)ཀྱིས་ཞིང་ནང་དང་མུ་ཁར་བསྐྱོད་དེ་རྩྭ་ངན་འགོག་བཅོས་ལག་རྩལ་དང་རྩྭ་ངན་དང་ལྗང་བུ་དབྱེ་འབྱེད་བྱེད་ཐབས་འགྲེལ་བཤད་རྒྱག་བཞིན་པ།

སྔོ་ཚལ་སྐྱེ་ཚུལ་ལེགས་པ་དང་། ཤིང་འབྲས་ཀྱི་སྣ་ཁ་ཕུན་སུམ་ཚོགས་པ། འབྲོག་ཟོག་གི་ཐོན་འབབ་མང་དུ་སོང་བ་སོགས། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཐོན་སྐྱེད་དེ་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ནས་དེང་རབས་ཀྱི་ཞིང་འབྲོག་ལས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་བས། ཞིང་འབྲོག་ལས་ཀྱི་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ་སོགས་འབོར་ཆེན་ཁྱབ་གདལ་དང་བེད་སྤྱོད་ཐུབ་ནས་བོད་ཀྱི་འབྲུ་རིགས་མཁོ་སྤྲོད་ནུས་ལྡན་དང་། ཞིང་འབྲོག་ཐོན་ལས་འཕེལ་རྒྱས། ཞིང་པར་འབབ་འཕར་ཕྱུག་འགྱུར་བཅས་ཡོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

ནས་ཀྱི་ཐོན་འབབ་ལ་རྨང་གཞི་བརྟན་པོ་བཏིང་བ།

ནས་ནི་བོད་ཀྱི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་གཞི་རྩའི་འགན་ལེན་ཡིན་ལ། ཞིང་འབྲོག་པར་ཐོན་འཕར་དང་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། ནས་ཀྱི་ཐོན་སྐྱེད་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། བོད་ཀྱིས་ནས་ཐོན་འཕར་ཡོང་བའི་འགག་རྩའི་ལག་རྩལ་གྱི་གནད་དོན་ལ་དམིགས་ནས་ཐོན་འབབ་མཐོ་ལ་སྤུས་ཀ་ལེགས་པའི་སོན་གསར་པ་ཁག་གཅིག་འདེམས་གསོ་དང་ཁྱབ་གདལ་བཏང་བས་ནས་ཀྱི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། 2021ལོར་བོད་ཀྱིས་པ་སྣམ་རྫོང་དུ་ནས་ཀྱི་ཐོན་རྫས་གསར་པ་སྟེ“13-5171-7”གྱི་ལྟེ་བའི་སོན་བཟང་དཔེ་སྟོན་ས་ཞིང་མུའུ་7000བསྐྲུན་པ་དང་། རྒྱ་ཁྱོན་མུའུ་ཁྲི་3ཁྱབ་གདལ་བཏང་བ། ཐོག་མའི་སོན་བཟང་ཏུན་1750གསོ་སྤེལ་བྱས་པ་རེད། ཉིན་ཤས་གོང་ཞིང་ལས་གྲོང་གསེབ་པུས་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་གཙོ་བོ་མིན་པའི་སོན་གྱི་གསལ་ཐོ་ཁྱབ་བསྒྲགས་བྱས་པའི་ནང་། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་འདེམས་གསོ་བྱས་པའི“བོད་ནས་ཨང་20པ”དང་། “བོད་ནས་ཨང་17པ”“བོད་ནས་ཨང་3000པ”བཅས་ནས་ཀྱི་སོན་3སོན་གསར་པའི་གྲས་སུ་ཐོ་འགོད་ཐུབ་ནས་གཞི་ཁྱོན་ཆེ་བའི་དཔེ་སྟོན་ཁྱབ་གདལ་བཏང་རྗེས་ནས་མུའུ་རེའི་ཐོན་འབབ་ཆ་སྙོམས་10%ཡན་མཐོ་རུ་འགྲོ་རེ་ཡོད་པ་རེད།

ནས་ཀྱི་ཐོན་འཕར་དང་སོན་བཟང་འདེམས་གསོ་བྱ་རྒྱུ་ནི་བོད་ཀྱི་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་འཕེལ་རྒྱས་ཀྱི་མཚོན་ཚུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་འབྲུ་རིགས་ཐོན་ཁུལ་གཙོ་བོར་རྨོ་ཞིང་གི་སྤུས་ཚད་མཐོར་གཏོང་འགན་ལེན་གྱི་ལྟེ་བའི་ཁུལ་བཙུགས་པས། རྨོ་ཞིང་གི་ས་བཅུད་དང་སྤུས་ཚད་ཀྱི་རིམ་པ་མཐོ་རུ་ཤུགས་ཆེན་ཕྱིན་པ་དང་། འབྲུ་རིགས་ཐོན་ཁུལ་གཙོ་བོར་ཚད་གཞི་མཐོ་བའི་ཞིང་ཁ་ཁག་གཅིག་སྔོན་དུ་བསྐྲུན་པ། ས་རྒྱུ་གཤིན་དུ་བཏང་སྟེ་ཞིང་བརྟེན་འབྲུ་གསོག་ཐུབ་ནས་འབྲུ་རིགས་དང་ལྷག་དོན་དུ་ནས་ཀྱི་ཐོན་འབབ་བརྟན་པོ་ཡོང་བ་དང་འཕར་བར་རྨང་གཞི་བརྟན་པོ་བཏིང་ཡོད། གྲངས་གཞི་ལས་མངོན་དོན། 2021ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་106.5ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་ལོ་བདུན་བསྟུད་མར་ཏུན་ཁྲི་100ཡན་བརྟན་པོ་བྱུང་བ་དང་། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་280.8ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲི་7.33མང་དུ་ཕྱིན་ནས་2.61%འཕར་བ། འབྲུ་རིགས་ལོ་ཏོག་མུའུ་རེའི་ཐོན་ཚད་སྤྱི་རྒྱ་379.2ཟིན་པ་དེ་ལོ་གོང་མ་ལས་སྤྱི་རྒྱ་3མང་དུ་ཕྱིན་ནས་0.8%འཕར་ཡོད་པ་རེད།

ཤིང་འབྲས་དང་སྔོ་ཚལ་ལས་རིགས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ།

གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ཀྲུང་ནུང་ཧྲེང་ཡུས་ཀུང་སིའི་སྐྱེ་ཁམས་གླིང་དུ་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་བའི་དྲོད་ཁང་རེ་རེའི་ནང་ཤིས་ཀྭ་དང་། མངར་ཀྭ ཀྲོ་མ་ཀྲུ་སོགས་ཀྭ་རིགས་དང་སྔོ་ཚལ་སྣ་ཚོགས་བཏབ་འདུག དེ་ནས་བར་ཐག་མི་རིང་བའི་སར་ཡོད་པའི་རིག་ནུས་དྲོད་ཁང་ཆེན་པོའི་ཁོར་ཡུག་ལྟ་སྐུལ་ཚོད་འཛིན་མ་ལག་གིས་དྲོད་ཁང་ཆེན་པོའི་ནང་གི་ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་འཚར་གནས་ཚུལ་ལ་རྒྱུན་མཐུད་ལྟ་ཞིབ་ཚད་ལེན་བྱེད་བཞིན་མཆིས།

ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་གི་ཀྲུང་ནུང་ཧྲེང་ཡུས་ཀུང་སིས་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་ཧུར་ཐག་བྱས་ནས། ཚད་ལྡན་ཅན་གྱི་འདེབས་འཛུགས་དང་། ཐོན་ལས་ཅན་གྱི་གཉེར་སྐྱོང་། སྤུས་རྟགས་ཅན་གྱི་བྲིན་ཚོང་བཅས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་སྔ་རྗེས་སུ་བསྐྲུན་ཐེངས་བདུན་པའི་དགུན་དུས་དྲོད་སྲུང་གི་དྲོད་ཁང་ཆེན་པོ་སྟར་པ་128དང་། ཤེལ་ཁྲ་བསྒར་བའི་སྟར་པ་གཅིག་སྦྲེལ་གྱི་དྲོད་ཁང་ཆེན་པོ་སྨི་ངོས་གྲུ་ཁྲི་4.27ཟིན་ནས་གཞིས་རྩེ་གྲོང་ཁྱེར་གྱི་ལག་རྩལ་གསར་གཏོད་ཞིབ་འཇུག་དང་། གྲུབ་འབྲས་འགྲེམས་སྟོན་འགྲེམས་ཚོང་། སྐྱེ་ཁམས་སྤྲོ་གསེང་ཡུལ་སྐོར་བཅས་གཞི་གཅིག་ཅན་གྱི་ཞིང་སྡེའི་ཕྱོགས་བསྡུས་དངོས་ཚན་ཆེ་གྲས་ཨང་དང་པོར་གྱུར་ཡོད། མིག་སྔར་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་བདུན་ཅུ་བརྒྱད་ཅུ་བཏབ་ཡོད་པ་དང“ནམ་དུས་བཞི་ཀར་མེ་ཏོག་ཡོད་པ་དང་། ཟླ་རེར་འབྲས་བུ་ཡོད་པ། ཉིན་ལྟར་སྔོ་ཚལ་ཡོད་པ”བཅས་མངོན་འགྱུར་བྱུང་བ་མ་ཟད། རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རེ་ཞུ་ཐུབ་ཡོད།

རིག་ནུས་དྲོད་ཁང་ཆེན་པོའི་ཁོར་ཡུག་ལྟ་སྐུལ་ཚོད་འཛིན་མ་ལག་དང་སྔོན་ཐོན་གྱི་ཆུ་ཟེགས་འདེབས་གསོའི་ལག་རྩལ་སོགས་ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་འབོར་ཆེན་སྤྱོད་ཐུབ་པས་བོད་ཀྱི་ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་སྔར་བས་མང་བ་གཞན་འགྱུར་མྱུར་པོ་ཐུབ་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་དུས་རབས་གསར་པ་དང་ཚན་རྩལ་གསར་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་པ་སྣམ་རྫོང་གི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་1.66ཟིན་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ལྷག་ཙམ་ཟིན་པ་དང་། པ་སྣམ་རྫོང་གི་ཞིང་དུད་7000ལྷག་ཙམ་ཁྲོད་དུད་ཚང་3200ལྷག་ཙམ་གྱི་མི་ཁྲི་1.8ཀྱིས་སྔོ་ཚལ་ཐོན་སྐྱེད་ཀྱི་ལས་ལ་གཞོལ་བཞིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་2015ལོའི་སྒོར་2279ནས་2020ལོའི་སྒོར་12800བར་མང་དུ་ཕྱིན་ཡོད་ལ། སྔོ་ཚལ་ཐོན་ལས་ཀྱིས་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་ལ་འདེགས་སྐྱོར་གལ་ཆེན་བྱེད་བཞིན་ཡོད།

འབྲོག་ལས་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་པ།

ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་གནས་པའི་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་2015ལོར་བཙུགས་པ་དང་། ཀུང་སི་དེས་ཉང་གཡག་གི་རྒྱུད་བཟང་ལེགས་ཆར་བརྟེན་ནས“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། འབྲོག་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ“ཤང་རེ་ལ་སྡེ་ཁུལ་རེ”དང་། “གྲོང་ཚོ་རེ་ལ་མཉམ་ལས་ཁང་རེ་ཡོད་པའི”འབྲོག་ཟོག་གཉེར་སྐྱོང་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཤ་དང་འོ་མ་ཉོ་སྒྲུབ་དང་འབྲོག་ཟོག་ལས་སྣོན་ཕྱིར་ཚོང་བྱས་པས་ཉང་གཡག་གི་སྐད་གྲགས་ཆོད་ཚད་མཐོ་རུ་ཕྱིན་ནས་གྲོང་གསེབ་ཀྱི་ལས་ཞུགས་གནད་དོན་དང་ཕྱུག་འགྱུར་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།

འབྲི་གཡག་ཐོན་ལས་དེ་བས་ལེགས་པའི་སྒོ་ནས་སྟོབས་ཆེར་བཏང་ནས་ཉང་གཡག་དེ་ལྷ་རི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་འགྱུར་ཆེད། བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས“ཕྱིར་སྐྱོད་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་ཏེ་ས་ཁམས་མཚོན་རྟགས་དང་སྲུང་སྐྱོང་ཁུལ་རེ་ཞུ་དང་འབྲོག་ཟོག་འགྲེམས་ཚོང་ལྟེ་གནས་བསྐྲུན་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ཉང་གཡག་གི་འབྲོག་ཟོག་ལྗོངས་ཕྱི་ནང་དུ་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཕྱུགས་རིགས་སྨན་པའི་ཞིབ་འཇུག་སུའོ་དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་སྲོག་ཆགས་ཚན་རིག་ཁང་སོགས་ཚན་ཞིབ་ཁང་དུ་མཉམ་ལས་གཏིང་ཟབ་བྱས་ཏེ་ཐོན་སྐྱེད་དང་། སློབ་གསོ་ཞིབ་འཇུག་བཅས་ཟུང་དུ་འབྲེལ་བའི་ཉང་གཡག་ཞིབ་འཇུག་གསར་སྤེལ་གྱི་མ་ལག་བཏོད་ཡོད།

ཐོན་ལས་ཅན་གྱི་འཕེལ་རྒྱས་དང་ཚན་རྩལ་འདེགས་སྐྱོར་ལ་བརྟེན་ནས་བོད་ཀྱིས་སྲོལ་རྒྱུན་འབྲོག་ལས་དེང་རབས་འབྲོག་ལས་ཕྱོགས་སུ་ཕྱོགས་སྒྱུར་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་འབྲོག་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། 2021ལོའི་ལོ་མཇུག་བར། བོད་ལྗོངས་སུ་ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་1692.52ཡོད་པ་ནས་རྒྱུད་བཟང་ཐུབ་ཚད་40.8%ཟིན་པ་དང་། ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི་81.07ཟིན་པ་དེ་2015ལོ་ལས་25.26%འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།