ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ620ཚང་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་དུ་བསྐྲུན་པའི་གཞུང་ལམ་བརྒྱུད་ལྷ་ས་ནས་རླངས་འཁོར་བསྡད་དེ་ཆུ་ཚོད་ཁ་ཤས་བསྐྱོད་རྗེས། རི་ཚོགས་ཀྱིས་བསྐོར་བའི་གྲོང་རྡལ་ཆུང་ངུ་ཞིག་མིག་ལམ་དུ་འཆར་ཡོང་། དེ་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་རེད།

གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ནི་ཡུལ་སྨད་ཤང་གི་སློབ་ཆེན་སློབ་མ་དང་པོ་ཡིན་པ་དང་། ད་ལྟ་ཁོ་རང་ཕྱིར་ཕ་ཡུལ་དུ་ལོག་ནས་ཡུལ་སྨད་གྲོང་ཚོའི་ཧྲུའུ་ཅི་དང་པོར་གྱུར་ཡོད། ཉིན་ལྟར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཡུལ་སྨད་ཤང་གི་མང་ཚོགས་བྱ་འགུལ་ཐང་ཆེན་དང་། སློབ་ཆུང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་སྒྲེང་བ་མ་ཟད། གྲོང་མི་ཚོའི་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་གི་ཐོག་ཁང་དུའང་སྒྲེང་གིན་ཡོད།

བོད་ལྗོངས་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པ་དང་མཐའ་མཚམས་རྫོང21ཡོད། མཐའ་མཚམས་རྫོང་འཛུགས་སྐྲུན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། 2017ལོའི་ཟླ10པའི་ཚེས28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ནང་“ཁྱེད་ཚོས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ཏེ། འབྲོག་པ་མང་ཚོགས་སྔར་བས་མང་བོ་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་རེ་བ་ཡོད”ཅེས་བསྟན།

2018ལོ་ནས་བཟུང་། བོད་ལྗོངས་ཀྱིས་མཐའ་མཚམས་རྫོང21ཏུ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་པ་བརྗོད་གཞིར་བྱས་པའི་གྲོང་གསེབ་དར་སྤེལ་གྱི་ལས་གཞི་ལག་བསྟར་བྱས་ཏེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་ཇེ་མཐོར་བཏང་ཡོད། ད་བར་མཐའ་མཚམས་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གློག་དྲ་གཙོ་བོ་མཐའ་མཚམས་ཤང(གྲོང་རྡལ)དུ་སྣུར་སྲིང་བྱས་ཏེ། གྲོང་ཚོ་ཚང་མར་སྦྲག་དངོས་སྐྱེལ་ཐུབ་པ་དང་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པ། གྲོང་གསེབ་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་པ་བཅས་བྱུང་ནས། ཐག་ཉེ་སར་སློབ་ཞུགས་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་ཕྱིན་ཡོད། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་ཤིང་། མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས། གྲོང་མི་སྔར་བས་མང་བོ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཡོད།

མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་འདེམ་འཇོག་གྲོང་ཚོར་སྐྱོད་སྐབས། གྲལ་སྟར་འགྲིག་པའི་བོད་ལུགས་ཐོག་ཁང་སྟར་པ་རེ་རེ་བཞིན་མིག་ལམ་དུ་འཆར་བ་དང་། ཁོད་སྙོམས་པའི་ཨར་འདམ་ལམ་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་པ། གསར་དུ་བཙུགས་པའི་སྡོང་ཕྲུག གྱང་དཀར་པོ། ཚོན་ཁྲ་ཅན་གྱི་ཁང་འདབ་བཅས་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་ཕྱིན་ཡོད། ལོ70ལ་སླེབས་པའི་བསོད་ནམས་ལྷ་མོས“ཏང་དང་སྲིད་གཞུང་གིས་ང་ཚོར་སྡོད་ཁང་ཐེངས5སྐྲུན་པ་དང་སྡོད་ཁང་གི་ཆ་རྐྱེན་ཇེ་བཟང་དུ་འགྲོ་བཞིན་འདུག ད་ལྟ་གྲོང་ཁྱེར་གྱི་ཁང་པ་དང་འདྲ་མཚུངས་རེད”ཅེས་བཤད།

གངས་རིའི་འདབས་སུ་ལུག་ཁྱུས་བག་ཕེབས་ངང་རྩྭ་ཟ་བཞིན་ཡོད། གཞིས་ཀ་རྩེ་གྲོང་ཁྱེར་གམ་པ་རྫོང་གམ་པ་གྲོང་རྡལ་སྨན་སྡེ་གྲོང་ཚོར་ས་ཁྱོན་མུའུ36ཟིན་པའི་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་ལུག་ཚང་དང་། ཕྱུགས་རིགས་སྨན་གསོ་ཁང་། ཚོད་ལྟ་ཁང་། གཟན་རྩྭ་མཛོད་ཁང་།གཟན་ཆག་ལས་སྣོན་བཅས་གཞི་གཅིག་ཏུ་གྱུར་ཡོད། “གམ་པའི་ལུག་གི་སྤུས་ཀ་གང་སར་སྐད་གྲགས་ཆོད་པ་དང་། ང་ཚོས་ཚང་གསོས་དང་ཚང་གསོས་ཕྱེད་ཙམ་གྱི་གསོ་སྤེལ་བྱེད་སྟངས་སྤྱད་དེ་སྔོན་ཐོན་གྱི་ལག་རྩལ་ནང་འདྲེན་བྱས་ནས་བཤས་གཏོང་ཚད་ཆེ་རུ་བཏང་ཡོད“ཅེས་མཉམ་ལས་ཁང་གི་འགན་འཁུར་བས་བཤད། “མིག་སྔར། གྲོང་ཚོ་ཡོངས་ཀྱི་དུད་ཚང78དང་མི303མཉམ་ལས་ཁང་དུ་ཞུགས་པ་དང་། 2021ལོར་གཉེར་སྐྱོང་ལས་སྒོའི་ཡོང་འབབ་སྒོར་ཁྲི137ལྷག་ཟིན་ཡོད། “ཉེ་བའི་ལོ་འགའི་རིང་། གམ་པ་རྫོང་གིས་གམ་པའི་ལུག་གི་ཟོང་རྟགས་གཏོད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། མ་དངུལ་སྒོར་ཁྲི456གྲབས་གསོག་བྱས་ནས་གམ་པའི་ལུག་གི་ཐོན་ལས་སྤུས་ཚད་བདེ་འཇགས་ཁུངས་འདེད་མ་ལག་དང་ཐོན་ལས་ཀྱི་གཞི་གྲངས་ཆེན་པོའི་ལྟེ་གནས་བཙུགས་ཏེ། གམ་པའི་ལུག་ཕྱུགས་ར་ནས་གསོལ་ལྕོག་བར་གྱི“ཟོང་རྟགས་གཅིག་དང་ཨང་རྟགས་གཅིག”གི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་ཡོད། ན་ནིང་རྫོང་ཡོངས་ཀྱི་གམ་པའི་ལུག་གསོ་སྤེལ་བྱེད་ཚད་མགོ་གྲངས་ཁྲི20.3ཟིན་པ་དང་། ལུག་གི་ཐོན་ལས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི5952.3ཟིན་ཡོད།

རྒྱང་བསྟེན་འབྲེལ་མཐུད་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་ཐ་མ་གྲོང་ཚོའི་སྨན་པ་ཉི་མས་བྲང་ཁ་ན་བའི་ནད་པ་ཞིག་གི་སྙིང་པར་གྱི་གཞི་གྲངས་དང་ནད་བརྟག་སྨན་བཅོས་རེ་ཞུ་སོགས་རྫོང་མི་དམངས་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཚན་ཁག་ཏུ་བསྐྱལ་བ་རེད། རྫོང་སྨན་ཁང་གི་སྨན་པས་ཉི་མར་ནད་བརྟག་སྨན་བཅོས་ཀྱི་མཇུག་འབྲས་དང་སྨན་པའི་བསླབ་བྱ་མགྱོགས་མྱུར་ངང་ལན་སློག་བྱས་པ་སྟེ“རྒྱུན་གཏན་དང་མི་འདྲ་བ་མངོན་གསལ་མ་མཐོང་། ངལ་གསོ་བྱ་རྒྱུར་དོ་སྣང་བྱས་ཏེ་སྙིང་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།” ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་དུ་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་སྡོད་གནས་ཁ་ཐོར་ཡིན་པའི་ཁྱད་ཆོས་ལ་དམིགས་ཏེ། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི1542གྲབས་གསོག་བྱས་ནས། ཉིང་ཁྲིར་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་རྒྱང་བསྟེན་སྨན་བཅོས་མ་ལག་བསྐྲུན་ནས། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང55དང་ཐག་རིང་གྲོང་ཚོ144ལ་ཁྱབ་ཡོད་ལ། རོང་འབྲོག་མང་ཚོགས་ཁྲི3.5ཡི་རྒྱང་བསྟེན་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐུབ་ཡོད།

མཐའ་ཁུལ་དར་རྒྱས་བྱུང་ན་མཐའ་མཚམས་དར་རྒྱས་ཡོང་། མཐའ་དར་དམངས་ཕྱུག་བྱུང་ན་མཐའ་སྲུང་སྲ་ཞིང་བརྟན། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག བོད་རང་སྐྱོང་ལྗོངས་ཀྱིས་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། 2021ལོའི་ལོ་མཇུག་བར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ620ཚང་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།