ཁོང་ཚོས་མཛེས་སྡུག་ལྡན་པའི་བྱང་ཐང་བརྟན་པོར་བསྲུངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་བདག་སྐྱོང་བ་ཚོས་《མཛེས་སྡུག་ལྡན་པའི་བྱང་ཐང》ཞེས་པའི་གླུ་གཞས་དེ་ཐོས་སྐབས་སྤོབས་པ་ཆེན་པོ་སྐྱེ་གི་ཡོད། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་མི་ཚོས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཏེ་བྱང་ཐང་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སྲུང་སྐྱོང་དང་ངོ་མཚར་ལྡན་པའི་བྱས་རྗེས་གཏོད་བཞིན་ཡོད།

མཚོ་གཉིས་རྫོང་ནི་བོད་བྱང་རྒྱུད་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད། དེ་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཡིན་པས། མཁའ་རླུང་ནང་གསོ་རླུང་འདུས་ཚད་ནང་སའི་40%ལས་མེད་ལ། ལོ་ལྟར་རིམ་པ་8ཡན་གྱི་ལྷགས་པ་ལྡང་ཚད་ཉིན་200ལས་བརྒལ་གྱི་ཡོད།

འདི་ལོ་ལོ་37ལ་སླེབས་པའི་བྱམས་པ་ལོ་ལྔའི་གོང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་ལས་དོ་དམ་ས་ཚིགས་ཀྱི་དོ་དམ་པ་ཞིག་ཏུ་གྱུར། ཉིན་ལྟར་ཞོགས་པ་སྔ་པོ་ནས་ཁོང་གིས་སྦག་སྦག་བཞོན་ནས་སྐོར་གཡེང་ལ་སྐྱོད་ཀྱི་ཡོད། དགུན་ཁ་ནི་དཀའ་ངལ་ཆེ་ཤོས་ཀྱི་དུས་ཚིགས་ཤིག་རེད། “དེ་དུས་གཙོད་སྡེབ་སྦྱོར་བྱེད་པའི་དུས་ཚོད་ཡིན་པས་གངས་བབས་ན་གཙོད་ཟས་འཚོལ་ཁག་པོ་ཡོད་སྟབས་ང་ཚོས་གཙོད་འཚོ་སྡོད་ཁུལ་དུ་གཟན་རྩྭ་མཁོ་སྤྲོད་བྱས་ནས་ཁོང་ཚོ་བདེ་འཇགས་ངང་སྡེབ་སྦྱོར་ཐུབ་རོགས་བྱེད་ཀྱི་ཡོད”ཅེས་བྱམས་པས་བཤད།

གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འདི་དག་ནང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ནག་ཆུའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་སླར་གསོ་དང་མང་དུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱ་ཡུལ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2021ལོའི་བར་ནག་ཆུའི་གཙོད་ཀྱི་གྲངས་འབོར་དེ་སྔའི་ཁྲི་3ནས་ཁྲི་5བར་དང་དེ་ནས་ཁྲི་15བར་མང་དུ་ཕྱིན་པ་དང་། རྐྱང་དེ་སྔའི་ཁྲི་1ཙམ་ནས་ཁྲི་8ཙམ་བར་མང་དུ་ཕྱིན་པ། རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱ་ཡུལ་དང་རྩྭ་རྩི་ཤིང་གི་ཁོར་ཡུག་སོགས་གདོད་མའི་རང་བྱུང་རྣམ་པ་སྤྱིར་ན་རྒྱུན་འཁྱོངས་བྱུང་ཡོད་པ་རེད།

མཚོ་གཉིས་རྫོང་ཡག་ཆུ་ཤང་ནས་ཡིན་པའི“དགུ་བཅུའི་ནང་སྐྱེས”ཀྱི་བདག་སྐྱོང་བ་པད་མ་བསམ་འཕེལ་2016ལོའི་ཟླ་12པར་མཚོ་གཉིས་རྫོང་ཡ་ཨ་མུའུ་དོ་དམ་ས་ཚིགས་སུ་ལས་ཀར་བསྐྱོད་ཅིང་། ད་ཆ་དོ་དམ་ས་ཚིགས་ཀྱི་ཀྲེན་ཀྲང་ཡིན་པ་རེད།

ཐོ་རེངས་མཚོ་གཉིས་རྫོང་གི་བྱང་རྒྱུད་དུ་གནས་པའི་ཡ་ཨ་མུའུ་དོ་དམ་ས་ཚིགས་སུ་པད་མ་བསམ་འཕེལ་གྱིས་མེ་བཏང་ནས་ཁ་ལག་བཟོ་བཞིན་ཡོད། ཁོང་གིས“དབྱར་ཁ་དགུན་ཁ་ལས་དྲོ་བ་ཡོད་མོད། འོན་ཀྱང་སྐོར་གཡེང་བྱེད་སྐབས་འཕྲུལ་འཁོར་གྱི་འཁོར་ལོ་འདམ་རྫབ་ཏུ་ཚུད་སླ་པོ་ཡོད”ཅེས་བཤད། ཁོང་ཚོས་ཉིན་གཅིག་ལ་མང་ཤོས་སྤྱི་ལེ་100ལྷག་ཙམ་བསྐྱོད་དགོས་ཀྱི་ཡོད། ལམ་བར་དུ་ས་ཚིགས་ཁག་གི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རྟོགས་པར་བྱེད་པ་དང་ཉེན་གྱར་རི་སྐྱེས་སྲོག་ཆགས་སྐྱོབ་རོགས་བྱེད་ཀྱི་ཡོད། རི་སྐྱེས་སྲོག་ཆགས་ལྐོག་རྔོན་རྒྱག་པའི་རིགས་མཐོང་ཚེ་བཀག་འགོག་བྱེད་པ་དང་འབྲེལ། སྲུང་སྐྱོང་ཁུལ་གྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་རོགས་ཀྱང་བྱེད་ཀྱི་ཡོད”ཅེས་བཤད།

ཡ་ཨ་མུའུ་དོ་དམ་ས་ཚིགས་དང་བར་ཐག་སྤྱི་ལེ་བརྒྱ་ལྷག་ཙམ་ཡོད་པའི་ཨ་དགའ་ལུང་པ་དོ་དམ་ས་ཚིགས་སུའང“དགུ་བཅུའི་ནང་སྐྱེས”ཀྱི་ཀྲན་ཀྲང་རབ་བྱུང་གིས་སྒྲོག་ཙེའི་སྟེང་གི་མང་ཚོགས་ཀྱི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་བསྡུ་བཞིན་འདུག “འདི་ནི་འདི་གར་གཞིས་ཆགས་པའི་འབྲོག་པས་བསྐྱལ་བ་ཞིག་རེད”ཅེས་བཤད། མི་རིང་བའི་གོང་ཁོང་ཚོའི་ས་ཚིགས་ཀྱིས་དོ་དམ་བྱེད་པའི་མཚོ་སྦྲེལ་བྱང་མ་ཤང་དུ་གསའ་བཞིས་འབྲོག་པའི་ཁྱིམ་གྱི་ལུག་80ལྷག་ཙམ་བསད་པའི་གནས་ཚུལ་རབ་བྱུང་གིས་མགྱོགས་མྱུར་ཤེས་རྟོགས་ཐུབ་ཡོད།

རབ་བྱུང་གིས་ང་ཚོས་གང་མགྱོགས་གོང་རིམ་གྱི་འབྲེལ་ཡོད་སྡེ་ཚན་ལ་གནས་ཚུལ་སྙན་སེང་ཞུས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་གནོད་འཚེ་ཕོག་པའི་འབྲོག་པར་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བཟོས་པའི་ཁ་གསབ་སྤྲད་སོང་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ས་གནས་ཁག་གིས་སྔ་རྗེས་སུ་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བཟོས་པའི་ཁ་གསབ་ཀྱི་ཚོང་ལས་འགན་བཅོལ་ལས་སྒོ་སྤེལ་ཞིང་། མིག་སྔའི་བར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་7.22སྤྲད་དེ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་དམིགས་ཚད་གཉིས་ཀ་མངོན་འགྱུར་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།