ཟླ་7ཚེས་1ཉིན། ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་ཅུས་གཉིས་པའི་བོད་ལྗོངས་རྣམ་གྲངས་ཀྱི་ཏང་ཀྲི་པུས་ཏང་ཡོན་དང་། གྲ་སྒྲིག་ཏང་ཡོན། ཏང་ཞུགས་ཧུར་བརྩོན་ཅན་བཅས་སྒྲིག་འཛུགས་བྱས་ཏེ་སྤོ་བོ་རྫོང་གི་ཐོག་ཁང་དམར་པོ་དང་། “ཁྲོན་བོད་ལམ་རྒྱུད་ཀྱི་དཔའ་བོ་བཅུའི”དྲན་གསོའི་རྡོ་རིང་སོགས་སུ་བསྐྱོད་དེ་ཏང་དབུ་བརྙེས་ནས་ལོ་101འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་ཏང་ཡོན་ལས་བྱེད་པར་རང་རྟོགས་ངང་ཏང་གཤིས་སྦྱོང་བརྡར་དང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། ཐོག་མའི་བསམ་འདུན་རྟོགས་པ། འགན་འཁྲི་རྒྱུན་འཛིན་བཅས་བྱེད་རྒྱུའི་ཁྲིད་སྟོན་བྱས་པ་རེད། འདི་ནི་ཀྲི་པུའུ་དེའི་ཏང་ཡོན་གྱིས“ཁྲོན་བོད་ལམ་རྒྱུད་ཀྱི་དཔའ་བོ་བཅུའི”དྲན་གསོའི་རྡོ་རིང་གི་མདུན་དུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་སྔར་བས་ལྕག་སྐུལ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་ཆེད། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་ཚན་པ་ཁག་གིས་ཏང་དབུ་བརྙེས་ནས་ལོ་101འཁོར་བའི་སྐབས་སུ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་དགའ་སྤྲོའི་ངང་བསུ་བ་ཞུས་པ་རེད།
ཉེ་ཆར་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་སྣེ་ཁྲིད་པ་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་སོགས་ཚན་པས་མཉམ་དུ“ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ། ནམ་ཡང་ཏང་གི་རྗེས་སུ་འབྲངས། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པའི་བྱེད་སྒོ་ཐོག་མ་སྟེ། “ལམ་གཉིས”སྙིང་སྟོབས་ཀྱི་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཆེད་དོན་ཏང་གི་སློབ་ཚན་གྱི་དམིགས་ཡུལ་ནི་ཏང་ཡོན་རྣམས་ལ་བློ་གཅིག་སེམས་གཅིག་གིས་ཏང་ཆེད་དང་། བློ་གཅིག་སེམས་གཅིག་གིས་སྤྱི་དོན་སྒྲུབ་པ། ལེགས་སྐྱེས་འབུལ་འདོད་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དད་མོས་པ་བརྟན་པོ་དང་། ཏང་གི་སྒྲིག་ཡིག་ལ་དཔེ་བཟང་ངང་སྲུང་སྐྱོང་བྱེད་མཁན། ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་རྣམ་དག་བྱེད་མཁན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་ནུས་ལྡན་གཏོང་མཁན། ཏང་གི་འོད་སྟོང་འཕྲོ་བའི་བྱ་གཞག་ལ་འབད་བརྩོན་ལྷོད་མེད་བྱེད་མཁན། དུས་རབས་གསར་པའི“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་མཁན་དང་ལག་ལེན་བསྟར་མཁན་བཅས་བརྩོན་ལེན་ཧུར་ཐག་བྱེད་རྒྱུའི་ཁྲིད་སྟོན་བྱས་ཡོད།
ལྗོངས་སྤྱི་བདེ་ཐིང་གིས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་ནང་དོན་ཕུན་སུམ་ཚོགས་པའི“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས། ཏང་གི་རླབས་ཆེན་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པ་དང་ཏང་ཡོན་ཚོར་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཁྲོད་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་རྒྱུའི་ཁྲིད་སྟོན་བྱས་ཡོད། “ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། ནམ་ཡང་ཏང་གི་རྗེས་སུ་འབྲངས”དང་ཏང་དབུ་བརྙེས་ནས་ལོ་101འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་སྐབས། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་བརྒྱད་ཀྱིས་དཔའ་ངར་ཆེར་བསྐྱེད་ཀྱིས་སྤྱི་བདེ་མི་དམངས་ཉེན་རྟོག་པའི་ཉེ་འགྲམ་གྱི་གཏམ་རྒྱུད་བརྗོད་པ་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པས་ཏང་ལ་བློ་དཀར་སེམས་དཀར་དང་སྤྱི་བདེའི་བྱ་གཞག་ལ་འབད་བརྩོན་ལྷོད་མེད་བྱེད་པའི་བསམ་པའི་དོན་གཉེར་མཚོན་པར་བྱས་ཡོད། ཏང་ཡོན་གསར་པ་ཏང་ལ་ཞུགས་པའི་དམ་བཅའ་དང་ཏང་ཞུགས་དམ་བཅའ་བསྐྱར་འཇོག་མཛད་སྒོར་ལྗོངས་སྤྱི་བདེ་ཐིང་ལས་ཁུངས་སུ་ཡོད་པའི་ཏང་ཨུད་ཚན་ཁག་གི་ཁོངས་མི་དང་། ཐིང་ཐད་གཏོགས་སྡེ་ཚན་ཁག་གི་ཏང་ཡོན་མི་དམངས་ཉེན་རྟོག་པའི་འཐུས་མི། 2022ལོར་གསར་དུ་འཕེལ་རྒྱས་བཏང་བའི་གྲ་སྒྲིག་ཏང་ཡོན་བཅས་ཀྱིས་ཏང་དར་ལ་ཕྱོགས་ནས་གཟི་བརྗིད་ལྡན་པའི་ངང་དམ་བཅའ་བཞག་སྟེ་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། དམིགས་ཡུལ་ལག་བསྟར་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།
ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་ཏང་ཡོན་ཡོངས་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་གི་ལོ་རྒྱུས་ཁང་དང་ཞིབ་དཔྱོད་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱས་པ་རེད། ཞིབ་དཔྱོད་ལོ་རྒྱུས་ཁང་དུ་འཆད་འགྲེལ་པས་རྩ་ཆེའི་པར་རིས་རེ་རེ་དང་དངོས་པོ་རེ་རེ་བརྒྱུད་ཚང་མའི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་བཙུགས་པ་ནས་ད་བར་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཐུན་མོང་ཐོག་ཕྱིར་དྲན་བྱས་པ་དང་། ཏང་གི་ལོ་རྒྱུས་ཁང་དུ་འཆད་འགྲེལ་པས་པར་རིས་དང་སྒྲ་བརྙན་སོགས་དཔྱད་གཞི་བརྒྱུད་གསོན་ཉམས་དོད་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་མེད་པ་ནས་ཡོད་པའི་བར་དང་ཉམས་ཞན་ནས་སྟོབས་ཆེའི་བར། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པའི་ལོ་རྒྱུས་ཀྱི་ལམ་བུ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་ཤི་རྒྱུར་མི་སྐྲག་པ་དང་། སྔོན་འགྱེལ་རྗེས་མཐུད། དགའ་སྐྱོ་གཉིས་ལྡན་བཅས་ཀྱི་རླབས་ཆེའི་བྱ་སྤྱོད་ངོ་སྤྲོད་བྱས་ཡོད། ལྟ་སྐོར་ཚར་རྗེས་ཏང་ཡོན་ཡོངས་ཀྱིས་ཏང་དར་གྱི་མདུན་དུ་རྔམ་བརྗིད་ལྡན་པའི་དམ་བཅའ་བཞག་པ་ལས་གུང་ཁྲན་ཏང་ཡོན་ཚང་མའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་སྔར་བས་བརྟན་དུ་ཕྱིན་ནས། ཏང་ཡོན་ཡོངས་ཀྱི་གསར་བརྗེའི་སྔོན་བྱོན་པ་ཚོའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྤྲོ་སེམས་འཕེལ་ཡོད།
གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་གྱིས་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་ཚང་མ་སྒྲིག་འཛུགས་བྱས་ཏེ“ཚོགས་ཆེན་ཉི་ཤུ་པ་དགའ་སྤྲོའི་ངང་བསུ་བ་ཞུ། དབྱར་གྱི་དུས་སུ་ཐོག་མའི་བསམ་འདུན་མངོན་པར་བྱས”ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་101འཁོར་བ་དང་སྡེ་ཚོགས་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི”མཛད་སྒོ་དང་། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། ཕུལ་བྱུང་ཏང་ཡོན་བཅས་ལ་བྱ་དགའ་སྤྲད་པ། “དམངས་ཀྱི་སེམས་ཁྲལ་སེལ་བ་དང་ཏང་ཡོན་དཔེ་བཟང་བར”གོས་དར་སྤྲད་པ། གསར་དུ་ཏང་ལ་ཞུགས་པའི་ཏང་ཡོན་གྱིས་ཏང་ཞུགས་དམ་བཅའ་འཇོག་པ་སོགས་ཀྱི་ལྷུ་ཚིགས་ཚུད་ཡོད། དེ་དང་ཆབས་ཅིག་གྲོང་ཚོ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འགྲན་བསྡུར་དང་། རིག་རྩལ་འཁྲབ་སྟོན། རྩལ་འགྲན་བྱེད་སྒོ་སོགས་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཁྲིམས་སྐྱོང་དྲིལ་བསྒྲགས་ས་ཚིགས་དང་། སྲིད་ཇུས་བློ་འདྲིའི་ས་ཚིགས། སྨན་བཅོས་ཞབས་ཞུའི་ས་ཚིགས། དམངས་ཕན་ཞབས་ཞུའི་ས་ཚིགས་སོགས་བཀོད་སྒྲིག་བྱས་ནས་མང་ཚོགས་ཚོས་དུས་ཐོག་ཏུ་བློ་འདྲི་བྱེད་པར་སྟབས་བདེ་བསྐྲུན་ཡོད་པ་རེད།
འགོ་ཚུགས་རོལ་དབྱངས《སྣེ་ཁྲིད་པ》ཞེས་པའི་འགྱུར་ཁུག་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱིས“‘བདུན་གཅིག’ལ་རྟེན་འབྲེལ་ཞུ་བ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ་དང་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས”བཅས་ཀྱི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་བརྗོད་དོན་གཙོ་བོའི་མཚན་ཚོགས་འཚོགས་པ་རེད། འཁྲབ་སྟོན་དེ“སྤྱིར་བཏང་མིན་པའི་ལོ་ཟླ། འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ”དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”“ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་སླར་ཡང་འོད་སྟོང་གཏོད”བཅས་ལེ་ཚན་གསུམ་ལ་དབྱེ་ཡོད། སྒྱུ་རྩལ་གྱི་བྱེད་ཐབས་དང་འཁྲབ་སྟོན་བྱེད་སྟངས་སྣ་ཚོགས་ཕྱོགས་བསྡུས་སྤྱད་དེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་101འཁོར་ཚུན་གྱི་ཟིལ་རླབས་དགུང་འཕྱུར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གསར་འབྱེད་ཡར་བརྩོན་གྱི་མཛེས་སྡུག་ལྡན་པའི་རྣམ་པ་བཏོད་དེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུར་ལྕག་སྐུལ་བྱས་ཡོད། ད་ཐེངས་ཀྱི་འཁྲབ་སྟོན་དེ་ད་དུང་དྲ་རྒྱའི་ཐད་གཏོང་རྣམ་པར་བརྟེན་ནས་སྤེལ་བས་ལྗོངས་ཕྱི་ནང་གི་གཟིགས་མོ་བ་ཁྲི་2.8ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད་པ་རེད།
ཟླ་7ཚེས་1ཉིན་གྱི་སྔ་དྲོ། ལྷ་ས་མེ་འཁོར་ལས་དོན་དུམ་བུའི་ཏང་ཨུད་ཀྱིས་ཏང་ཡོན་གྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ལྷུན་གྲུབ་ཞིང་རར“སེམས་པ་དམར་པོ་ཏང་ལ་ཕྱོགས་ནས‘བདུན་གཅིག’ལ་བསུ་བ་ཞུ། ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲང”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཏང་ཡོན་ཚོས་སྔ་རྗེས་སུ་ལྷུན་གྲུབ་ཞིང་ར་དང་ལྷུན་གྲུབ་ཞིང་ར་གསར་རྙིང་གི་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང《སྟག་མགོ་ཆུ་མཛོད་འཛུགས་སྐྲུན་གྱི་དངོས་མཚོན་གློག་བརྙན》དང《ཁྱིམ་ལ་ལོག་པར་དགའ་བསུ་ཞུ》ཞེས་པའི་དངོས་མཚོན་གློག་བརྙན་བལྟས་པ་རེད། རྒྱ་ཆེའི་ཏང་ཡོན་ཚོས་སློབ་སྦྱོང་གི་གྲུབ་འབྲས་དེ་དངོས་སྒྲུབ་འགན་འཁྲི་འཁུར་ཕོད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ནས་ས་མཐོའི་ལྕགས་ལམ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས་ཏང་དབུ་བརྙེས་ནས་ལོ101འཁོར་བར་རྟེན་འབྲེལ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།