ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས“ཁྱིམ་ཚང་ཁྲི་སྟོང་མང་པོར་དུག་འགོག་དྲིལ་བསྒྲགས”ཀྱི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དུག་རྫས་འཐེན་པའི་དབང་གིས་མི་ཤི་ཁྱིམ་སྟོང་དུ་གྱུར་པ་དང་ཕ་མ་བུ་ཕྲུག་ཁ་བྲལ་དུ་བཏང་བའི་གྱོད་དཔེ་ཧ་ཅང་མང་པོ་ཡོད་པས་ང་ཚོས་མཐོང་ཆེན་བྱས་ཏེ་དུག་རྫས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་འཐབ་རྩོད་བྱེད་དགོས”ཉེ་ཆར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་ལྷ་ས་གྲོང་ཁྱེར་དུག་འགོག་གཞུང་དོན་ཁང་གི་ལས་དོན་མི་སྣ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ལ་དུག་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

འདི་ལོའི་ཟླ་5པ་ནས་ཟླ་12པའི་བར། རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ“ཁྱིམ་ཚང་ཁྲི་སྟོང་མང་པོར་དུག་འགོག་དྲིལ་བསྒྲགས”ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་བཀོད་སྒྲིག་ལ་གཞིགས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཟླ་6པ“དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི”རིང་བྱེད་ཐབས་སྣ་ཚོགས་སྤྱད་ནས“ཁྱིམ་ཚང་ཁྲི་སྟོང་མང་པོར་དུག་འགོག་དྲིལ་བསྒྲགས”ཀྱི་བྱེད་སྒོ་སྤེལ་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ལོའི་རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཁྲི་སྟོང་མང་པོར་དུག་འགོག་དྲིལ་བསྒྲགས”ཀྱི་བྱེད་སྒོར་ཕྱོགས་གསུམ་ཐད་ཀྱི་གཙོ་གནད་དྲིལ་བསྒྲགས་ནང་དོན་གཏན་འཁེལ་བྱས་པ་སྟེ། གཅིག་ནས་དུག་རྫས་ཀྱི་ཐ་སྙད་ལ་ཚན་རིག་དང་མཐུན་པའི་ངང་གསལ་འགྲེལ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་དུག་རྫས་ཞེས་པ་ནི་མིག་སྔར《སྦྲིད་སྨན་སྣ་ཁའི་དཀར་ཆག》དང་། 《སྨྱོ་ནད་སྨན་རྫས་སྣ་ཁའི་དཀར་ཆག》 《སྨན་རྫས་མིན་པའི་རིགས་ཀྱི་སྦྲིད་སྨན་དང་སྨྱོ་ནད་སྨན་རྫས་དོ་དམ་ཚོད་འཛིན་སྣ་ཁའི་ཁ་གསབ་དཀར་ཆག》བཅས་ནང་བཅུག་པའི་སྦྲིད་སྨན་དང་སྨྱོ་ནད་སྨན་རྫས་སོགས་སྣ་ཁ་449ཡོད་པ་གསལ་བཤད་གང་ལེགས་བྱས་པ་དང། གཉིས་ནས་དུག་རྫས་གང་བྱུང་དུ་སྤྱོད་རིགས་ཚན་རིག་དང་མཐུན་པའི་ངང་འགོག་ཟོན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ས་གནས་དེ་གའི་སྦྲིད་སྨན་དང་སྨྱོ་ནད་སྨན་རྫས་བེད་སྤྱོད་བྱས་ཚུལ་ལ་ཞིབ་འཇུག་དབྱེ་ཞིབ་བྱས་ཏེ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་ཟུང་འབྲེལ་གྱིས་སྦྲིད་སྨན་དང་སྨྱོ་ནད་སྨན་པས་བཤད་པར་མི་ཉན་པར་གང་བྱུང་དུ་སྤྱད་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་རིགས་ཚན་རིག་དང་མཐུན་པའི་ངང་གསལ་འགྲེལ་བྱས་པ་དང་དབང་རྩར“གནོད་འཚེ་མེད་པ”དང“དབྱིངས་མི་ཚུད་པའི”རྫུན་གཏམ་དམར་རྗེན་དུ་བཏོན་ཡོད། གསུམ་ནས་དུག་འགོག་ཁྲིམས་སྐྱོང་གི་ཉེན་བརྡའི་སློབ་གསོ་ཡག་པོ་བརྒྱབ་སྟེ་ས་གནས་དེ་གའི་དུག་རྫས་འཐེན་པའི་དབང་གིས་མི་ཤི་ཁྱིམ་སྟོང་དུ་གྱུར་པ་དང་ཕ་མ་བུ་ཕྲུག་ཁ་བྲལ་དུ་བཏང་བའི་གྱོད་དཔེ་དྲིལ་བསྒྲགས་ཀྱིས་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་དུ་ཐོན་པའི་གནས་ཚུལ་དྲངས་ནས་དུག་རྫས་ཀྱིས་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་བཟོས་པའི་གནོད་འཚེ་ཚབས་ཆེན་དམར་རྗེན་དུ་བཏོན་པ་རེད།

“ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ‘ཁྱིམ་ཚང་ཁྲི་སྟོང་མང་པོར་དུག་འགོག་དྲིལ་བསྒྲགས’ཀྱི་བྱེད་སྒོ་ལོ་ཕྱེད་ལྷག་ཙམ་སྤེལ་དོན་ནི‘དུག་རྫས་མེད་པའི་བདེ་ཐང་འཚོ་བར་རོལ’བའི་འདུ་ཤེས་ཁྱབ་སྤེལ་རྒྱ་ཁྱབ་བཏང་ནས་དུག་འགོག་ལས་དོན་ལ་སྤྱི་ཚོགས་ཡོངས་ཀྱིས་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་ཧུར་ཐག་ཞུགས་པའི་རྣམ་པ་ཟབ་མོ་གཏོད་དེ་དམངས་ཡོངས་ཀྱིས་དུག་རྫས་འགོག་པ་དང་དུག་འགོག་ལས་དོན་ནང་ཧུར་ཐག་ཞུགས་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས”ཞེས་རང་སྐྱོང་ལྗོངས་དུག་འགོག་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད།

“ཁྱིམ་ཚང་ཁྲི་སྟོང་མང་པོས་དུག་འགོག་དྲིལ་བསྒྲགས”ཀྱི་བྱེད་སྒོ་དང་ལེན་ཧུར་ཐག་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་དོན་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་སྤྲེལ་རྒྱལ་གནས་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་བསྐྱོད་དེ་ལས་སྒྲུབ་ཀྱིས་ཞབས་འདེགས་ཀྱི་ཚབ་བྱེད་པའི་དུག་འགོག་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་དུག་འགོག་གཞུང་དོན་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་སྡེ་ཁུལ་དང་། གྲོང་ལྷན་དུ་བསྐྱོད་དེ་རྒྱ་ཆེའི་གྲོང་མིར་དུག་འགོག་གི་ཤེས་བྱ་ཁྱབ་སྤེལ་དང་མིག་སྔའི་དུག་རྫས་ཀྱི་དུས་བབ་གསལ་འགྲེལ་བྱས་པ། ནག་ཆུ་གྲོང་ཁྱེར་དུག་འགོག་གཞུང་དོན་ཁང་གིས་དུག་འགོག་གི་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་བྱས་ཏེ་བོད་ལྗོངས་མཁས་པོ་གློག་རྡུལ་ཚད་ཡོད་ཀུང་སི(ནག་ཆུའི་སྡེབ་སྐྱེལ་ས་ཚིགས)དང་མཉམ་དུ་མངགས་སྐྱེལ་བརྒྱུད་དུག་འགོག་ཤེས་བྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་སྤེལ་དང་། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དུག་འགོག་གཞུང་དོན་ཁང་གིས་སྒེར་རྩེ་རྫོང་གི་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་བྱེད་སྒོ་གོ་སྐབས་སུ་བྱས་ནས་དུག་འགོག་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།