ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས་འདྲ་པར་ཞིག་ལས་མངོན་པའི་བོད་ཀྱི་གཏམ་རྒྱུད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གློ་ནད་ཚབས་ཆེན་ཡོད་ཀྱང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལེགས་པར་མཚོན།

2022ལོའི་ཟླ་5ཚེས་20ཉིན། 1932ལོར་བརྒྱབ་པའི་མཉམ་པར་ཞིག་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས་སུ་གཏན་འཁེལ་བྱས་པ་རེད། དེ་ནི་སྔོན་གཤེགས་དཔའ་བོ་ཏིང་ཤང་དང་ཁོང་གི་བཟའ་ཟླ་ལེ་ཡུས་ཧུང་གི་མཉམ་པར་ཞིག་ཡིན་པ་དང་། ཁོ་གཉིས་ཀྱི་མཉམ་པར་འབའ་ཞིག་དེ་རེད། 2009ལོར་ལེ་ཡུས་ཧུང་གི་ནང་མིས་ཁང་པ་རྙིང་པ་བསྐྱར་སྐྲུན་བྱེད་སྐབས་འདྲ་པར་དེ་མཐོང་བ་དང་འབྲེལ། 2010ལོར་ནན་ཅིང་ཡུས་ཧྭ་ཐའེ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ལ་ཕུལ་བ་རེད། ལེ་ཡུས་ཧུང་གི་ཕ་ཡུལ་ནི་ཅང་སུའུ་ཐེ་ཚང་ནས་ཡིན་པ་དང་། ཆུང་དུས་ཏུང་ཝུའུ་སློབ་ཆེན(ད་ལྟའི་སུའུ་ཀྲོའུ་སློབ་ཆེན)དུ་སློབ་སྦྱོང་བྱེད་མྱོང་ཡོད། དེ་སྔ་དམག་སྡེ་བཅོ་བརྒྱད་པའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་། ཀྲུང་གུང་བོད་ཀྱི་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན། དྲིལ་བསྒྲགས་པུའི་པུའུ་ཀྲང་། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་ཧྲེ་ཀྲང་སོགས་ཀྱི་འགན་འཁུར་མྱོང་བ་དང་ཟུར་ཞུགས་འཐུས་མིའི་ཐོབ་ཐང་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མོལ་ལ་ཞུགས། ཁོང་ནི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལག་ལེན་རྣམ་དག་བསྟར་མཁན་དང་དཔེ་བཟང་དཔེ་སྟོན་པ་ཞིག་རེད།

1950ལོའི་ཟླ་1ཚེས་30ཉིན། ནན་ཅིང་སྤྱི་ཁྱབ་བཟོ་ཚོགས་ཀྱི་རིག་སློབ་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་བཞིན་པའི་ལེ་ཡུས་ཧུང་ལ་ཀྲུང་དབྱང་དམག་ཨུད་ཀྱི་གློག་འཕྲིན་འབྱོར་ཏེ། དམག་སྡེ་བཅོ་བརྒྱད་པའི་རྗེས་སུ་དྲངས་ནས་བོད་དུ་སྐྱོད་དགོས་པའི་བཀའ་བཏང་། དེའི་རྗེས་སུ་ཁོང་ལ་སྐབས་དེའི་དམག་སྡེ་བཅོ་བརྒྱད་པའི་ཅུན་ཀྲང་ཀྲང་གོ་ཧྭ་ཡི་འཕྲིན་ཡིག་ཕྱག་བསྟར་མ་འབྱོར་ནས། ཁོང་གི་དཔུང་སྡེ་སི་ཁྲོན་གྱི་ལྷོ་ཕྱོགས་ནས་བོད་དུ་སྐྱོད་པའི་གྲ་སྒྲིག་བྱེད་བཞིན་ཡོད་པས་གང་མགྱོགས་དཔུང་སྡེར་ལོག་པའི་རེ་བ་བཏོན། ལེ་ཡུས་ཧུང་གིས་དེ་སྔ་དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་པུའུ་ཡི་དྲིལ་བསྒྲགས་པུའུ་ཀྲང་གི་འགན་འཁུར་མྱོང་བ་དང་། ཅུན་ཀྲང་ཀྲང་གོ་ཧྭ་ཡིས་མཐོང་ཆེན་བྱེད་པའི་མི་ཞིག་རེད། དམག་ཨུད་ཀྱི་གློག་འཕྲིན་དང་ཅུན་ཀྲང་གི་འཕྲིན་ཡིག་འབྱོར་རྗེས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འཕྲལ་མར་རྡོག་ཁྲེས་བསྡུ་གསོག་བརྒྱབ་སྟེ། ཁྲུང་ཆིང་དུ་སྐྱོད་པའི་གྲ་སྒྲིག་བྱས།

གཏན་འབེབས་ལྟར་འགྲོ་ཁར་ཁོང་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་བྱེད་པར་ཕྱིན་པས་སྨན་པས་ཁོང་གི་གློ་བ་གཡོན་མར་སྐྱོན་ཡོད་པ་དང་། གློ་བ་གཡས་པར་ནག་ཐིག་གཉིས་ཡོད་པ་ཤེས་ནས། གཟུགས་པོའི་གནས་ཚུལ་དེ་རིགས་ས་མཐོར་འཕྲོད་ཀྱི་མེད། འོན་ཀྱང་ལེ་ཡུས་ཧུང་གི་བོད་སྐྱོད་རྣམ་འགྱུར་བརྟན་པོ་ཡོད་པ་དང་སྨན་པའི་བསམ་འཆར་མ་ཉན་པར། ཟླ་4ཚེས་10ཉིན་ཁྲུང་ཆིང་དུ་འབྱོར། ལེ་ཡུས་ཧུང་གི་གཟུགས་པོའི་གནས་ཚུལ་ལ་དམིགས་ནས་སྐབས་དེ་དུས་ལྷོ་ནུབ་དམག་ཁུལ་ཁང་གི་འཕྲོད་བསྟེན་པུའི་པུའུ་ཀྲང་ཆན་ཞིན་ཀྲུང་གིས་བརྟག་དཔྱད་བྱས་མཐར། གློ་བ་གཡོན་མ་ཁུམ་པ་དང་། བྲང་ཁོག་གཡས་པའི་བྲང་སྐྱི་མཐུག་ཏུ་ཕྱིན་པ། སྙིང་ཁམས་གཡོན་ངོས་ཡོ་བ། གློ་བ་གཡས་པ་གཡོན་ཕྱོགས་སུ་ཆེ་རུ་ཕྱིན་པ་དང་འབྲེལ་ནག་ཐིག་ཡོད་པ་བཅས་ཤེས་པ་མ་ཟད། ཞིབ་བཤེར་བྱས་འབྲས་ལྟར་ལེ་ཡུས་ཧུང་གི་གཟུགས་པོའི་ཆ་རྐྱེན་བོད་དུ་སྐྱོད་ཐབས་བྲལ་ལ། ས་མཐོའི་གསོ་རླུང་དཀོན་པའི་ཁོར་ཡུག་དང་མི་འཕྲོད་སྟབས་དམག་དཔུང་དང་མཉམ་དུ་བོད་དུ་བསྐྱོད་ན་མི་འགྲིག

སྐབས་དེ་དུས་ལོ་42ལ་སླེབས་པའི་ལེ་ཡུས་ཧུང་ལ་བྱིས་དུས་གློ་བའི་འདུས་འདྲིལ་གཅོང་ནད་ཕོག་མྱོང་བ་དང་། དགྲ་བོས་བཙོན་ཁང་དུ་བཅུག་རྗེས་ཉེས་རྡུང་དྲག་པོ་བཏང་བས་གཟུགས་པོར་མནར་གཅོད་ཚད་མེད་ཕོག་ནས། གཅོང་པོ་ཆགས་པ་དེ་ཡང་ཁོང་འབྲི་ཆུ་འཕྲེད་བརྒལ་གྱི་གཡུལ་འགྱེད་རྗེས་ནན་ཅིང་དུ་ལས་ཀ་བྱེད་པའི་རེ་བ་འདོན་དོན་རེད། འོན་ཀྱང་ལེ་ཡུས་ཧུང་གིས་གསར་བརྗེའི་དམག་འཁྲུག་གི་དཀའ་སྡུག་ཆེ་བའི་ཁོར་ཡུག་གི་ཚོད་བགམ་ཐེག་ཐུབ་པས། བཟོད་མི་ཐུབ་པ་དང་ཁྱད་བསད་མི་ཐུབ་པའི་དཀའ་ངལ་མེད་སྙམ་ནས་དམག་དཔུང་དང་མཉམ་དུ་བོད་དུ་སྐྱོད་པའི་རེ་བ་མཐའ་གཅིག་ཏུ་བཏོན།

ལེ་ཡུས་ཧུང་གི་བོད་སྐྱོད་ཆོད་སེམས་ལ་གཞིགས་ནས་མཐར་ལྷོ་ནུབ་ཅུས་ཀྱི་འགོ་ཁྲིད་དང་གསོ་རིག་རིགས་གཅིག་མཁས་ཅན་གྱིས་གྲོས་མོལ་བྱས་ནས་ཚོད་ལྟ་བྱ་ཆོག་པའི་མོས་མཐུན་བྱས་མོད། འོན་ཀྱང་གཟུགས་པོ་ཡག་པོ་མེད་ཚེ་མགྱོགས་མྱུར་ལོག་དགོས་ཞེས་བཤད། གློ་བ་ཕྱེད་ཀ་ལས་མེད་པའི་ལེ་ཡུས་ཧུང་གི་གཟུགས་པོ་ཐང་པོ་མེད་རུང་ཕྱིར་བཤོལ་མི་བྱེད་པར་བོད་དུ་སྐྱོད་རིང་ས་མཐོའི་གསོ་རླུང་དཀོན་པའི་འགྲན་སློང་ཁྱད་དུ་བསད་པ་དང་། སྙིང་དང་གློ་བའི་ནུས་པ་ཞན་པའི་དཀའ་ངལ་ཁྱད་དུ་བསད་པ། སྡུག་བསྲན་ཁྱད་པར་ཐེག་པའི་སྙིང་རུས་དང་བཟོད་བསྲན་ཁྱད་པར་ཐེག་པའི་དཔའ་སྟོབས་དང་། བྱ་སྤྱོད་དངོས་དང་ལས་དོན་དངོས་ལ་བརྟེན་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་མཚོན་པར་བྱས་པས། ཁོང་ནི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱི་དཔེ་མཚོན་ཞིག་རེད།

ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱས་པ།

1950ལོའི་ཟླ་5པར། ལེ་ཡུས་ཧུང་གིས་ཅུན་ཀྲང་ཀྲང་གོ་ཧྭ་དང་མཉམ་དུ་ཤིན་ཅིན་དུ་བསྐྱོད་ནས་དམག་སྡེ་བཅོ་བརྒྱད་པའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་བྱས། དེའི་གོང་དམག་སྡེ་བཅོ་བརྒྱད་པའི་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཝང་ཆི་མེས་ཀྲུའུ་རེན་བྱས་པའི་སྲིད་ཇུས་ཞིབ་འཇུག་ཁང་བཙུགས་ནས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། རིག་གནས། སྤྱི་ཚོགས་སོགས་ཕྱོགས་ཁག་གི་གཞི་རྩའི་གནས་ཚུལ་ལ་བརྟག་ཞིབ་དང་ཁོང་དུ་ཆུད་པར་བྱས་པ་དང་བོད་རིགས་སྤུན་ཟླའི་ཆོས་དད་དང་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་བྱེད་པའི་འགན་ཁུར་ནས། བོད་དུ་དཔུང་སྐྱོད་བྱེད་པའི་ཐད་སྲིད་ཇུས་ཀྱི་གྲོས་འགོ་དང་བྱ་སྤྱོད་ཀྱི་དཔྱད་གཞི་ཞིབ་ཕྲ་བཏོན་ཡོད་པ་རེད།

རྙོག་འཛིང་ཆེ་བའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་ཕྱི་རོལ་ཡུལ་གྱི་དངོས་ཡོད་དཀའ་ངལ་གྱི་རྐྱེན་པས། སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པས་བོད་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་མེད་པ་དང་ཐ་ན་བོད་ཀྱི་ས་ཁྲ་ཆ་ཚང་ཞིག་ཀྱང་མེད་པའི་ཁར། མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་ཚོར་སྣང་སྐྱེན་པའི་རང་བཞིན་དང་ཆབ་སྲིད་ཀྱི་རང་བཞིན་གྱིས་རྐྱེན་པས། བོད་དུ་དཔུང་སྐྱོད་བྱེད་རྩིས་བྱེད་རིང་ཀྲུང་དབྱང་དང་ལྷོ་ནུབ་ཅུས་ཀྱིས་ཀྱང་སྲིད་ཇུས་ལ་སྟངས་འཛིན་དང་གཏན་འབེབས་ཞིབ་ཕྲ་བྱེད་པར་མཐོང་ཆེན་བྱེད་ཀྱི་ཡོད། 1950ལོའི་ཟླ་1པོར། མའོ་ཙེ་ཏུང་གིས་གློག་འཕྲིན་དུ“གོམ་པ་དང་པོ་ནི་ཟླ་གསུམ་དང་ཟླ་ཕྱེད་ཀྱི་ནང་དུ་གནས་ཚུལ་ལ་བརྟག་དཔྱད་བྱས་ཏེ་ལས་བྱེད་པ་སྦྱོང་བརྡར་དང་། དམག་དཔུང་སྒྲིག་སྦྱོང་། འགྲོ་ལམ་བཟོ་བ་དང་ཁམས་བོད་འབྲེལ་མཚམས་ཀྱི་ས་ཁུལ་དུ་དཔུང་སྐྱོད་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ལོ་དེའི་ཟླ་1པོར་ཏེང་ཞའོ་ཕིང་གིས་དམག་སྡེ་བཅོ་བརྒྱད་པའི་ཧྲི་ཤོག་ཡན་གྱི་ལས་བྱེད་པ་དང་གླེང་མོལ་གནང་སྐབས“བོད་ལ་བཅིངས་འགྲོལ་གཏོང་བར་སྲིད་ཇུས་ལ་རྟེན་དགོས་པ་དང་། སྲིད་ཇུས་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས”ཞེས་གསུངས་ཡོད། སྲིད་ཇུས་ཀྱི་གནད་དོན་དེ་བོད་ལ་དཔུང་སྐྱོད་དང་བོད་བཅིངས་འགྲོལ་གཏོང་བའི་བརྒྱུད་རིམ་དུ་གལ་འགངས་ཤིན་ཏུ་ཆེ་བས་སྲིད་ཇུས་ཞིབ་འཇུག་ཁང་གི་ལས་དོན་དེ་ཧ་ཅང་གལ་འགངས་ཆེ་བ་དང་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད། ཟླ་2ཚེས་16ཉིན། ལྷོ་ནུབ་ཅུས་དང་ལྷོ་ནུབ་དམག་ཁུལ་ཁང་གིས་གློག་འཕྲིན་དུ“བོད་ཀྱི་གནད་དོན(འབར་ཁམས་དང་། སི་ཁྲོན་གྱི་ནུབ་བྱང་། དེ་བཞིན་ཡུན་ནན་གྱི་ས་ཁོངས་བཅས་སུ་ཁྱབ་པའི་བོད་རིགས་ཀྱི་གནད་དོན་ཚུད་ཡོད)སྐོར་གྱི་སྲིད་ཇུས་མང་པོ་དང་། ལྷག་པར་དུ་ཆོས་སྲིད་ཀྱི་གནད་དོན་ལ་ངེས་པར་དུ་ཕྱོགས་མང་པོ་ནས་བརྟག་དཔྱད་བྱས་ཏེ་བསམ་འཆར་ཞིབ་ཕྲ་བཏོན་ནས་ཐག་གཅོད་བྱེད་དགོས”ཞེས་དམིགས་སུ་བཀར་ནས་བསྟན་ཡོད།

ལེ་ཡུས་ཧུང་ལས་གནས་སུ་འབྱོར་རྗེས། དུས་འགོའི་ལས་དོན་གྱིས་ས་གཞིར་བྱས། སྲིད་ཇུས་ཞིབ་འཇུག་ཁང་གིས་བོད་ཀྱི་སྤྱིའི་གནས་ཚུལ་ལ་དམིགས་ནས། བརྒྱུད་རིམ་ལྡན་པའི་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཏང་གི་སྲིད་ཇུས་གལ་ཆེན་གྱི་མཛད་ཕྱོགས་ལ་གཞིགས་ནས་སྲིད་ཇུས་ཀྱི་དཔྱད་གཞི་ཞིབ་ཕྲ་བཏོན་པ་དང་། བོད་དུ་དཔུང་སྐྱོད་བྱེད་པར་དམིགས་ནས་དམག་འཐབ་ཞིབ་འཇུག་བྱས་ཏེ་ཟས་གོས་འགྲོ་སྡོད་དང་། ནད་ཡམས་སྔོན་འགོག དངོས་པོའི་གྲ་སྒྲིག་སོགས་ཀྱི་གྲོས་འགོ་བཏོན་པ། བོད་རིག་པ་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་ལ་མཐུན་སྒྲིལ་བྱས་ནས་བོད་རིགས་ལས་བྱེད་པར་སྦྱོང་བརྡར་བྱས་པ་རེད། སྲིད་ཇུས་ཞིབ་འཇུག་ཁང་གིས་བོད་ཡིག་སློབ་དེབ་དང་བོད་སྐྱོད་བསླབ་གཞི་རྩོམ་སྒྲིག་བྱས་ནས་དཔོན་དམག་ཡོངས་སྒྲིག་འཛུགས་ཀྱིས་བོད་སྐད་དང་མི་རིགས་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་བྱེད་དུ་བཅུག་ཡོད། ལྷོ་ནུབ་ཅུས་ཀྱི“སྲིད་ཇུས་དོན་ཚན་བཅུ”དང་། སྲིད་ཇུས་རྩ་ཚིག བོད་སྐྱོད་འབོད་ཚིག དྲིལ་བསྒྲགས་དཔྱད་ཡིག་སོགས་ཡིག་སྒྱུར་སྒྲིག་འཛུགས་བྱས་ཏེ་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་བའི་སྲིད་ཇུས་ཆུ་ཚད་མཐོ་རུ་བཏང་བ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

1951ལོའི་ཟླ་3ཚེས་27ཉིན། ཀྲུང་གུང་བོད་ཀྱི་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་ལེ་ཡུས་ཧུང་གིས་བོད་ས་གནས་སྲིད་གཞུང་གི་ཞི་བའི་གྲོས་མོལ་གྱི་འཐུས་མི་ང་ཕོད་ངག་དབང་འཇིགས་མེད་དང་། ཐུབ་བསྟན་ལེགས་སྨོན། བསམ་ཕོ་བསྟན་འཛིན་དོན་གྲུབ་བཅས་དང་མཉམ་དུ་པེ་ཅིང་དུ་བསྐྱོད། ཟླ་4ཚེས་22ཉིན་འཐུས་མི་ཚོགས་པ་དང་བཅས་པ་པེ་ཅིང་མེ་འཁོར་འབབ་ཚུགས་སུ་འབྱོར་ནས་ཀྲོའུ་ཨེན་ལའེ་དང་ཀྲུའུ་ཏེ་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་དགའ་བསུ་ཆེན་པོ་ཞུས་པ་རེད།

ཟླ་4ཚེས་29ཉིན། ཀྲོའུ་ཨེན་ལའེ་ཡིས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་ཞི་བའི་གྲོས་མོལ་གྱི་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། ཚོགས་འདུར་ལེ་ཡུས་ཧུང་དང་ཕུན་ཚོགས་དབང་རྒྱལ་ཟུར་ཞུགས་བྱས་པ་དེ་ནི། ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཟུར་ཞུགས་འཐུས་མི་གཉིས་པོ་དེ་རེད། གྲོས་མོལ་བྱེད་རིང་ལེ་ཡུས་ཧུང་གིས་ལས་དོན་གྱི་འབྲེལ་གཏུག་ཞིབ་ཕྲ་དང་དཔྱད་གཞི་གྲ་སྒྲིག་བྱེད་འགན་ཁུར་ཏེ་གྲོས་མོལ་བདེ་བླག་ཡོང་བར་འགན་ལེན་བྱས་པ་རེད། ཟླ་5ཚེས་23ཉིན། ལེ་ཡུས་ཧུང་གིས་ཀྲུང་ནན་ཧའེ་སྲིད་བརྩོན་ཚོམས་ཆེན་དུ་འཚོགས་པའི《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་མི་དམངས་སྲིད་གཞུང་གི་གྲོས་མཐུན》ལ་མིང་རྟགས་འགོད་པའི་མཛད་སྒོར་བདེན་དཔང་བྱས་པ་རེད།

1951ལོའི་ཟླ་8པར་ལེ་ཡུས་ཧུང་དང་འཐུས་མི་ཀྲང་ཅིན་ཝུའུ་མཉམ་དུ་ལྷ་སར་འབྱོར། 《གྲོས་མཐུན་དོན་ཚན་བཅུ་བདུན》ལ་སྔར་བས་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་ནས། བོད་ཀྱི་མཐོ་རིམ་མི་སྣའི་བསམ་ཤེས་དང་རྒྱབ་སྐྱོར་འཐོབ་པའི་བརྩོན་ལེན་བྱ་ཆེད། ལས་ཀའི་བཀོད་སྒྲིག་གཞིར་བཟུང་ལེ་ཡུས་ཧུང་གིས་བོད་ས་གནས་སྲིད་གཞུང་གི་རིམ་པ་བཞི་པ་ཡན་གྱི་དཔོན་རིགས་ལ་བཅར་འདྲི་དང་ཐུག་ཕྲད་བྱས་ཏེ། ཁོ་ཚོར《གྲོས་མཐུན་དོན་ཚན་བཅུ་བདུན》ལ་ཕུལ་བ་དང་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་པ་རེད། ཟླ་བ་གཉིས་ལྷག་ཙམ་རིང་ལེ་ཡུས་ཧུང་གིས་མཐོ་རིམ་མི་སྣ་30ལྷག་ཙམ་ལ་འཚམས་འདྲི་བྱས་པ་དང་། ངོ་འཕྲད་གྲོས་མོལ་ཐེངས་50ལྷག་ཙམ་བྱས་པ། མཐོ་རིམ་མི་སྣ་དེ་དག་གིས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཤེས་རྟོགས་དང་དང་ལེན་དེ་བས་ཡག་པོ་བྱེད་པར་རོགས་རམ་བཅས་བྱས་ཏེ། བཅིངས་འགྲོལ་དམག་བོད་དུ་སྐྱོད་པ་དང་བོད་ལ་བཅིངས་འགྲོལ་གཏོང་བའི་ལས་དོན་ལ་ཁོ་ཚོའི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་རེད།

བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བྱ་གཞག་དངོས་སུ་བརྒྱུད་མྱོང་མཁན་དང་། དེར་ཞུགས་མཁན། བདེན་དཔང་བ་བཅས་ཡིན་པའི་ལེ་ཡུས་ཧུང་གིས་དད་སེམས་བརྟན་པོ་དང་། བློ་སྟོབས་བརྟན་པོ། གཤིས་རྒྱུད་བརྟན་པོ་བཅས་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་དང་ལག་ལེན་བསྟར་ཏེ། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།