ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མཐུན་སྒྲིལ་མེ་ཏོག་མཚར་སྡུག་རྣམ་པར་བཀྲ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་སྐོར་གྱི་དངོས་བྲིས།

“མིག་སྔར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་འགོ་ཚུགས་པ་དང་། བོད་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ། སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ། ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ངེས་རེད”ཅེས་2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གསུངས་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་འདིར་དམ་པོར་དམིགས་ནས། ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བོད་སྐྱོང་བ་དང་། བོད་བརྟན་ལྷིང་། བོད་དར་རྒྱས་བཅས་ཀྱི་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་པས། བོད་ཀྱི་ས་གཞི་ཆེ་མོར་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཚུགས་པ་དང་། མྱུ་གུ་འབུས་པ། མེ་ཏོག་བཞད་པ། འབྲས་བུ་བཏགས་པ་བཅས་བྱུང་སྟེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་གཏོད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་ཆགས་ཡོད།

ཐུན་མོང་ཐོག་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་མི་རིགས་གཅིག་ཀྱང་རྗེས་སུ་ལུས་མི་རུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་རྗེས་སུ་ལུས་མི་རུང”ཞེས་བསྟན་གནང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་བསྡུར་གཞི་ཡོད་པའི་ལེགས་ཆ་སོགས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་། སྤུན་ཉེ་འཆམ་མཐུན། ལྟ་རེས་སྐྱོང་རེས་བཅས་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་ཁྲིད་སྟོན་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོང་ཁང་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཀྱི་དོན་དག་ཆུང་ཙག་སྐོར་གླེང་རིམ་བཞིན་ལྷ་ས་བར་སྐོར་ཁྲོམ་གཞུང་གི་འདོད་འཇོ་ཚང་བོད་ཆས་ཚོང་ཁང་གི་སྒྲོལ་མ་སེམས་འགུལ་ཆེན་པོ་ཐེབས་བཞིན་མཆིས།

འདི་ལོ་ལོ་45ལ་སླེབས་པའི་སྒྲོལ་མས་ལོ་16གོང་བོད་ཆས་ཚོང་ཁང་དེ་བཙུགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་རྗེས་ཚོང་ཁང་གི་ཚོང་སྔར་བས་ཡག་ཏུ་ཕྱིན་ནས་ཡུལ་སྐོར་བ་མང་པོ་དེ་གར་ཡོང་གི་ཡོད།

“དེ་སྔ་ང་ཚོའི་ཚོང་ཁང་དུ་ཡོང་མཁན་མང་ཆེ་བ་ས་གནས་དེ་གའི་གྲོང་མི་རེད། ད་ཆ་ཚོང་ཁང་དུ་ཡོང་མཁན་ཡུལ་སྐོར་བ་མང་དུ་ཕྱིན་འདུག ལ་ལ་ཆེད་མངགས་བོད་ཆས་ཉོ་བར་ཡོང་བ་དང་ལ་ལ་དྲན་རྟེན་འདྲ་པར་རྒྱག་པར་ཡོང་གི་ཡོད་ཅིང་། མདོར་ན་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞབས་རྗེས་ཡོད་སར་ཡོང་གི་ཡོད”ཅེས་སྒྲོལ་མས་བཤད། ད་ཆའི་འདོད་འཇོ་ཚང་བོད་ཆས་ཚོང་ཁང་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པའི“དྲ་ཐོག་གྲགས་ཅན་ཚོང་ཁང”ཞིག་ཏུ་གྱུར་ཡོད།

ཚོང་ཁང་དུ་ཡོང་མཁན་ཚང་མར་སྒྲོལ་མས་འཛུམ་དམུལ་དམུལ་ངང་བོད་ཆས་ཀྱི་རྒྱུ་ཆ་དང་བཟོ་ལྟ་ངོ་སྤྲོད་བྱེད་ཀྱི་ཡོད། སྦྱིན་བདག་སེམས་རྩ་འཁོལ་བའི་གྱོན་ཆས་ཚོང་ཁང་དེ་ལྟ་བུ་ཞིག་གིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྤུན་ཟླ་ཚོར་བོད་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་ཚོར་བར་བྱེད་པ་དང་། སྒྲོལ་མས་སྐུ་མགྲོན་ལ་ངང་རྒྱུད་རིང་པོས་སྣེ་ལེན་ཞུས་སྟབས་དེ་སྔ་ལོའི་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་ལས་མེད་པ་ནས་ན་ནིང་སྒོར་ཁྲི་13བར་མང་དུ་ཕྱིན་ཡོད།

ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་རྗེས་སུ་ལུས་མི་རུང་། བར་སྐོར་གནའ་ཁྲོམ་དུ་སྐྱོད་སྐབས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཟབ་མོ་མངོན་བཞིན་ཡོད། ལོ་ངོ་སྟོང་ཕྲག་རིང་མི་རིགས་ཁག་འདི་གར་འཆམ་མཐུན་མཉམ་གཤིབ་དང་ཞི་མཐུན་མཉམ་གནས་ཀྱིས་བར་སྐོར་གྱི་ད་ལྟའི་རྣམ་པ་དེ་ལྟ་བུ་མཉམ་དུ་བསྐྲུན་ཡོད།

འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་འཆར་གཞི་ཆེན་པོ་བཏིང་བ།

2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷ་ས་གྲོང་ཁྱེར་གྱི་བར་སྐོར་དུ་རྟོག་ཞིབ་གནང་སྐབས་མྱོང་ཚོར་ཟབ་མོའི་ངང“ང་ལོ་23གོང་འདིར་ཐེངས་གཅིག་ཡོང་མྱོང་ཡོད། ད་ཆ་འཛུགས་སྐྲུན་ཧ་ཅང་ཡག་པོ་བྱས་འདུག རྒྱལ་ཡོངས་ས་གནས་ཁག་གི་མི་ཚང་མ་འདིར་ཡོང་ནས་བྱ་གཞག་གཉེར་བ་དང་། སྐོར་བ་རྒྱག་པ། ཡུལ་སྐོར་བཅས་བྱེད་ཀྱི་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ནི་ང་ཚོའི་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་རེད། མི་རིགས་ཁག་གི་རིག་གནས་འདི་གར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱེད་ཀྱི་ཡོད་པས་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་འདི་གར་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད”ཅེས་གསུངས།

གཙུག་ལག་ཁང་མཐའ་སྐོར་གྱི་རིང་ཚད་སྤྱི་ལེ་1ཙམ་གྱི་ཁྲོམ་གཞུང་གཙོ་བོའི་གཡས་གཡོན་དུ་ཚོང་ཁང་གིས་ཁེངས་ཤིང་མི་ཚོགས་སྟུག་པོ་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མི་རྣམས་ཀྱིས་ཐུན་མོང་ཐོག་ལས་གཏོད་བྱས་ནས་མི་རིགས་མི་འདྲ་བས་མཉམ་གཉེར་བྱས་པའི་ཚོང་ཁང་བརྒྱ་ལྷག་ཙམ་ཡོད་པ་རེད།

ཀྲང་ཆོན་ལུའུ་སི་ཁྲོན་ཁྲེང་ཏུའུ་ནས་བར་སྐོར་དུ་ཚོང་གཉེར་བྱེད་པར་ཡོང་ནས་ལོ་བཅུ་ལྷག་ཙམ་ཕྱིན་ཡོད། “ང་ཉིན་ལྟར་ཇ་ཁང་དུ་འགྲོ་གི་ཡོད། འདི་གར་བོད་ཀྱི་དམངས་སྲོལ་དངོས་སུ་ཉམས་ལེན་ཐུབ་ཀྱི་འདུག”ཅེས་བཤད། ཀྲང་ཆོན་ལུའུ་དང་འདྲ་བར་མེས་རྒྱལ་ས་གནས་ཁག་ནས་དེ་གར་ཚོང་རྒྱག་པར་ཡོང་མཁན་ཚང་མ་དེ་གའི་འཚོ་བར་གོམས་ནས་ཇ་བསྲུབས་མ་དང་བུལ་ཐུག་ལ་དགའ་པོ་ཡོད་པ་མ་ཟད། ད་དུང་མི་རིགས་ཁག་གི་གྲོགས་པོ་མི་ཉུང་བ་ཞིག་ཀྱང་ངོ་ཤེས་ཡོད། ཀྲང་ཆོན་ལུའུ་ཡིས“ང་ཚོའི་མཛའ་གྲོགས་ཆུ་དང་འོ་མ་འདྲེས་པ་བཞིན་ཧ་ཅང་ཟབ་མོ་ཡོད”ཅེས་བཤད།

བར་སྐོར་ཉེ་འགྲམ་དུ་མི་རིགས་མང་པོའི་མང་ཚོགས་མཉམ་དུ་སྡོད་པའི་སྒོ་ར་ཆེ་ཆུང་བརྒྱ་ལྷག་ཙམ་ཡོད་ལ། ཁྲོམ་གཞུང་དང་སྲང་ལམ་གྱི་གང་སར་མཐུན་སྒྲིལ་རོགས་རེས་ཀྱི་གཏམ་བཟང་ཐོས་རྒྱུ་ཡོད།

གཙུག་ལག་ཁང་གི་ལྷོ་ངོས་སུ་ཡོད་པའི་ཀླུ་སྒུག་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས། ཡུ་གུར་རིགས། སོག་རིགས་སོགས་མི་རིགས་མང་པོའི་མང་ཚོགས་སྡོད་ཀྱི་ཡོད། ཅང་སུའུ་ནས་ལྷ་སར་གླ་པར་ཡོང་བའི་རྒད་པོ་ཞུས་ཕུའུ་ཅིན་ལོ་ཁ་ཤས་གོང་སྟབས་མི་ལེགས་པར་རླངས་འཁོར་ལས་འཛོལ་ཐོན་ནས་དབང་པོ་སྐྱོན་ཅན་ཆགས་ཏེ་ཁོང་དང་བཟའ་ཟླ་གཉིས་ཀྱི་འཚོ་བ་རེ་ཞིག་དཀའ་ངལ་གྱི་གནས་སུ་གྱར་ཡོད། སྡེ་ཁུལ་གྱི་གྲོང་མི་དང་ལས་དོན་མི་སྣའི་སེམས་ཁུར་དང་རོགས་རམ་འོག་རྒན་རྒོན་གཉིས་ཀྱི་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་པ་རེད། ཁོང་གིས“ཁོང་ཚོ་གཉེན་ཉེ་མིན་ཡང་གཉེན་ཉེ་ལས་ལྷག་པ་ཡོད”ཅེས་རྟག་ཏུ་ཤོད་ཀྱི་ཡོད།

དམག་ཁང་སྒོ་ར་ཆེན་པོ་བར་སྐོར་བྱང་ཤར་གྱི་སྐྱིད་རས་སྲང་ལམ་དང་པོའི་སྒོ་རྟགས་བཅུ་གཅིག་པར་གནས་པ་དང་སྒོ་རའི་ནང་དུད་ཚང་60ལྷག་ཙམ་དང་མི་རིགས་ཁག་གི་མང་ཚོགས་100ལྷག་ཙམ་སྡོད་ཀྱི་ཡོད། མལ་གྲོ་གུང་དཀར་རྫོང་ནས་ཡིན་པའི་གྲགས་པའི་ཁྱིམ་མི་དེ་གར་ལོ་30ལྷག་ཙམ་བསྡད་ཅིང་། ཁོང་གིས་བོད་ཀྱི་ལོ་གསར་ཚེས་གཅིག་ལ་གྲོང་པ་ཁྱིམ་མཚེས་དབར་ཕྱེ་མར་རྒྱུག་རེས་བྱེད་ཀྱི་ཡོད། མ་གཞི་ཚང་མའི་འཚོ་བའི་གོམས་གཤིས་དང་། སྐད་ཆ། གོམས་སྲོལ་སོགས་མི་འདྲ་ནའང་ཚང་མས་ཕན་ཚུན་རོགས་རེས་བྱས་ནས་གཅེན་གཅུང་མིང་སྲིང་ལྟར་འཚོ་བ་སྐྱེལ་བ་དང་སྒོ་ར་ཆེན་པོ་དེ་ཁྱིམ་ཚང་ཆེན་པོ་ཞིག་ལྟར་རེད་ཅེས་བཤད།

བར་སྐོར་ནི་བསྡུས་རིས་ཤིག་དང་འདྲ་བར་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་སྤྱི་ཡོངས་ཀྱི་རྣམ་པ་མངོན་ཡོད།

སེམས་ཤུགས་གཅིག་སྒྲིལ་གྱིས་ཕུགས་འདུན་བཏོད་ནས་ཀྲུང་ཧྭའི་བུ་ཕྲུག་གི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།

2021ལོའི་ཟླ་7ཚེས་22ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཐང་ཆེན་དུ་དམར་མདངས་བཀྲ་བའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་བརྗིད་ཆགས་ཤིང་འགྱིང་ངེར་གནས་ཡོད། ཕོ་བྲང་པོ་ཏ་ལ་བརྗིད་ཆགས་ཡིད་དུ་འོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕོ་བྲང་པོ་ཏ་ལ་སྲུང་སྐྱོབ་དོ་དམ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ནས་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་ཤིང་། ཐང་ཆེན་དུ་ཡུལ་སྐོར་བ་དང་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཚོས“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང”ཞེས་སྐད་གསང་མཐོན་པོས་དགའ་འབོད་བྱས།

“བོད་ཀྱི་ས་བབ་མཐོ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་དམིགས་བསལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད” ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་བའི་སྐོར་དྲན་གསོ་བྱེད་སྐབས་ལོ་54ལ་སླེབས་པའི་ལྷ་སའི་གྲོང་མི་བྱམས་པ་ཕུན་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།

བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཟླ་བས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནའ་གྲོང་དུ་རྟོག་ཞིབ་གནང་བར་ཕེབས་ནས་ལོ་གཅིག་ལྷག་ཙམ་སོང་ཡང་། སྐབས་དེ་དུས་ཀྱི་རྣམ་པ་སྔར་བཞིན་ཝ་ལེར་འཆར་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་ཐུགས་ཁུར་གནང་བ་དེ་ང་ཚོ་ཚང་མའི་སེམས་ནང་གི་དྲོ་སྐྱིད་ལྡན་པའི་དྲན་ཤེས་ཤིག་རེད་ལ་ང་ཚོ་ཚང་མས་འབད་བརྩོན་ཆེན་པོས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་འགྱུར་མེད་ཀྱི་སྒུལ་ཤུགས་ཤིག་ཀྱང་རེད”ཅེས་དྲན་གསོ་བྱེད་བཞིན་བཤད།

སེམས་ཤུགས་གཅིག་སྒྲིལ་གྱིས་ཕུགས་འདུན་བཏོད་ནས་ངེས་པར་དུ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས།

“རང་རྒྱལ་གྱི་མི་རིགས་56ཚང་མ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པས་གཅིག་ལ་གཅིག་འབྲེལ་དང་། ཕན་ཚུན་མཉམ་འདྲེས། ཕན་ཚུན་འབྲལ་ཐབས་མེད་པ་བཅས་ཀྱི་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཐུན་མོང་ཐོག་བཏོད་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་ནི་མི་རིགས་ཁག་གི་མང་ཚོགས་ཚོའི་ཕུགས་འདུན་ཡིན་ལ་ང་ཚོ་མི་རིགས་ཁག་རང་ཉིད་ཀྱི་ཕུགས་འདུན་ཡང་རེད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དེ་ཐུགས་བཟང་ཚིག་ནན་དང་འབད་འབུངས་ཡར་བརྩོན་བྱ་རྒྱུར་སྐུལ་མ་ཐེབས་པ་ཞིག་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་ང་རང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ཚོར་བྱུང་བས་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོ་ངེས་སྲིད”ཅེས་རྗེ་འབུམ་སྒང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་འཇམ་དབྱངས་བསྟན་འཛིན་གྱིས་བཤད་པ་དང་། ཁོང་གིས“ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མེས་རྒྱལ་དང་མཐའ་མཚམས་འཛུགས་སྐྲུན་ཐད་ངས་འབད་བརྩོན་བྱེད་ངེས་ཡིན་པས་ཏང་ཐུགས་བློ་བདེ་པོ་གནང་རོགས་ཞེས་ཞུ་རྒྱུ་ཡིན”ཞེས་བཤད།

གཞི་རིམ་གྱི་ལས་བྱེད་པ་སྐལ་རྡོར་གྱིས་མི་དམངས་ཀྱི་གཙོ་འཛིན་གྱིས་མཐའ་མཚམས་དང་མི་རིགས་ས་ཁུལ་ལ་བཅངས་པའི་བརྩེ་སེམས་དང་དམངས་གཅེས་བརྩེ་སེམས་མྱོང་ཚོར་ཏན་ཏིག་བྱུང་། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བོད་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་དབར་གྱི་གཏམ་རྒྱུད་དེའང་ཁོང་གིས་གྲངས་ཉུང་མི་རིགས་ལ་ཐུགས་ཁུར་གནང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད”ཅེས་སྐབས་དེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་བཀའ་མོལ་དྲན་གསོ་བྱེད་བཞིན་སྐལ་རྡོར་ལ་སྔར་བཞིན་དྲོ་སྐྱིད་ཆེན་པོ་ཚོར་བཞིན་མཆིས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཆེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“‘འཛུགས་གཏོད་བཞིར’སྐུལ་འདེད་ཧུར་ཐག་གཏོང་བ་དང‘མདུན་གྲལ་དུ་སླེབས་པ་བཞི’ཧུར་ཐག་བྱེད་པའི”འཐབ་ཇུས་བཀོད་སྒྲིག་བྱས་ཏེ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་མཉམ་འདྲེས་བྱེད་པའི་ཁྲོད་ཞབས་འདེགས་ཞུ་བའི་བོད་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆ་སྔར་བས་འདོན་སྤེལ་ཐུབ་པ་དང་། རྒྱལ་ཁབ་ཀྱི་ལས་འགན་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་འགན་འཁྲི་འཁུར་སེམས་སྔར་བས་མངོན་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་སྔར་བས་མཐོ་རུ་ཕྱིན་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སེམས་ནུས་གཅིག་སྒྲིལ་བྱས་ཡོད།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་བློ་གཅིག་སེམས་གཅིག་དང་ལྟ་རེས་སྐྱོང་རེས་བྱས་ཏེ་ཀྲུང་གོའི་ས་གཞི་ཆེན་པོར་རེ་བའི་ས་བོན་གསར་པ་བཏབ་པ་དང་འབད་འབུངས་ཡར་བརྩོན་གྱི་ལམ་བུར་ལེའུ་གསར་པ་བརྩམས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།