ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ནགས་ཚལ་སྐྱེ་ཁམས་ཁོངས་གཏོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་འཚམ་མཐུན་ཡོང་བའི་ཞིབ་འཇུག་ལ་འཕེལ་རྒྱས་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་གིས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལྟེ་གནས་སོགས་དང་མཉམ་དུ་ཡུན་རིང་ཕྱི་རོལ་དུ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱས་པར་བརྟེན་ཏེ། གཞི་ཆུང(ཕྲ་ཕུང)ནས་གཞི་ཆེན(སྐྱེ་ཁམས་མ་ལག)བར་གྱི་ཚད་གཞིའི་ཐོག་ནས་བོད་ཀྱི་ཤར་ལྷོའི་ནགས་ཚལ་འགྱུར་ལྡོག་གི་གནས་སྟངས་དང་དེའི་སྐུལ་འདེད་ལམ་སྲོལ་ལ་ཆ་ལག་ཚང་བའི་སྒོ་ནས་ཞིབ་འཇུག་བྱས་ཏེ། ལྗོན་ཤིང་ཆགས་རིམ་གྱི་སྐྱེ་ཚུལ་ལ་དྲོད་ཚད་དམའ་བའི་ཚད་བཀག་ཡོད་པ་ཤེས་རྟོགས་ཐུབ་ནས། དྲོད་ཚད་མཐོ་རུ་སོང་བ་དེས་བོད་ཤར་ལྷོའི་ས་བབ་མཐོ་བའི་ནགས་ཚལ་གསར་སྐྱེས་དང་ལྗོན་ཤིང་སྐྱེ་ཁྱོན་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་པ་བདེན་དཔང་ཐུབ་ཅིང་། འདས་པའི་ལོ་100ཙམ་ནང་ལྗོན་ཤིང་སྐྱེ་ཁྱོན་ཆེ་ཤོས་ལ་སྨི་69(ར་འོག་མཚོ་རྒྱུད)ཆེ་རུ་ཕྱིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་མཚོ་བོད་ས་མཐོ་ཞིབ་འཇུག་ལྷན་ཚོགས་ཀྱིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་རྣམ་གྲངས་ལ་ཚན་རྩལ་གྲུབ་འབྲས་ཀྱི་གདེང་འཇོག་བྱས་ཏེ། རྣམ་གྲངས་དེའི་གྲུབ་འབྲས་ཧྲིལ་པོ་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་དུ་སླེབས་པའི་ནང“ལྗོན་ཤིང་སྣ་ཁ་མི་འདྲ་བས་རི་མཐོར་ལྗོན་ཤིང་སྐྱེ་ཁྱོན་འགྱུར་ལྡོག་གི་མྱུར་ཚད་ལ་སྙོམས་སྒྲིག་བྱེད་པའི”ཞིབ་འཇུག་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་ངོས་འཛིན་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་དབར་གྱི་གནམ་གཤིས་འགྱུར་ལྡོག་ཆེད་དོན་ཨུ་ལྷན(IPCC)གྱི་ཚོད་སྐོར་སྙན་ཞུ་ཐེངས་དྲུག་པའི་ནང་། བོད་ཀྱི་ཤར་ལྷོའི་རི་མཐོའི་ལྗོན་ཤིང་སྐྱེ་ཁྱོན་གྱི་ཞིབ་འཇུག་འབྲས་བུ་དེ་གནམ་གཤིས་དྲོ་རུ་སོང་བར་བརྟེན་ནས་གོ་ལ་ཧྲིལ་པོའི་ལྗོན་ཤིང་སྐྱེ་ཁྱོན་གྱི་འགྱུར་ལྡོག་འགྲོ་ཚུལ་གྱི་སྒྲུབ་བྱེད་གལ་ཆེན་ཞིག་ཏུ་དྲངས་ཡོད། གྲུབ་འབྲས་དེར་2021ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའ་རིམ་པ་དང་པོ་ཐོབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།