ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྐལ་བཟང་མེ་ཏོག་བཞིན་ས་མཐོར་རྩ་བ་ཚུགས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་གི་ཉི་འོད་དྲོད་ཁང་ནང་གི་གཏམ་རྒྱུད།

7c13d0e0-6678-4a71-9096-8a17fd5d02e1.jpg

འདི་ནི་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོས་ཉི་འོད་དྲོད་ཁང་ནང་སྔོ་ཚལ་འདེབས་བཞིན་པ།

རྒྱལ་ལམ་318བརྒྱུད་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་དུ་སྐྱོད་སྐབས་ལྟ་ན་སྡུག་པའི་ཡུལ་ལྗོངས་མིག་ལམ་དུ་འཆར་ཞིང་། གཞུང་ལམ་གཙང་ལ་གྲལ་འགྲིག་པ་དང་ན་ནིང་ཉམས་བཟོ་བྱས་མ་ཐག་པའི་དམག་སྒར་ལས་རྣམ་པ་གསར་པ་མངོན། འདི་ལོ་གསར་དུ་བཏབ་པའི་སྡོང་ཕྲུག་སྐྱེ་འཚར་ལེགས་པོ་ཡོད་ཅིང་། ལམ་གྱི་མཐའ་རུ་ཡོད་པ་ནི་ཉི་འོད་དྲོད་ཁང་རེད།

ཉི་འོད་དྲོད་ཁང་མཐོང་བ་ཙམ་གྱིས་དགའ་སྣང་སྐྱེ་འོས་པ་ཞིག་འདུག ལན་ཆིའུ་སྤོ་ལོའི་ཐང་གི་ཆེ་ཆུང་ཙམ་ཡོད་པའི་དྲོད་ཁང་དུ་དཔྱིད་དཔལ་རབ་ཏུ་བཞད་ཅིང་། ཕྱི་དང་བསྡུར་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་དེས་དུས་བཞིར་དྲོ་སྐྱིད་སྦྱིན་པ་དང་བཅའ་སྡོད་མི་དམངས་ཉེན་རྟོག་པའི་སེམས་ལ་སྤྲོ་སྣང་སྦྱིན་བཞིན་ཡོད། ཉི་འོད་དྲོད་ཁང་ནང་དུ་བཏབ་པའི་སྔོ་ཚལ་སྣ་ཚོགས་དང་གཞོང་ལྗོངས་སོགས་རྩི་ཤིང་སྣ་ཚོགས་ལས་མི་རྣམས་ཀྱི་ཡིད་ལ་སྤྲོ་སྣང་སྦྱིན། གཡའ་དག་པའི་དགུང་སྔོན་འོག་ཉི་འོད་དྲོད་ཁང་ནང་གི་སྔོ་ལྗང་དེ་དག་ནི་ཉི་འོད་མཐའ་ནས་བསྐོར་བའི་མེ་ཏོག་བཞིན་གནས་དེར་ཡོང་མཁན་གྱི་མི་རྣམས་ལ། གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་ཡོད་སར་བརྟན་སྲུང་དང་། རེ་བ། བྱས་རྗེས་ངོ་མཚར་ཅན་བཅས་ཡོད་ཅེས་ཤོད་པ་ལྟར་སྣང་།

ཉི་འོད་དྲོད་ཁང་གི་སྔོ་ལྗང་སྡོང་ཕྲུག་འགྲམ་དུ་རྒྱུག་ཤར་གློད་ཆས་སོགས་ལུས་སྦྱོང་ཡོ་བྱད་རིམ་པ་བཞིན་བསྒྲིགས་ཡོད་པ་དེ་དག་ནི་སྡོང་ཕྲུག་དང་འདྲ་བར་ས་གནས་ཀྱི་ཚན་པས་ཞལ་འདེབས་བརྒྱབ་པ་ཞིག་རེད། ས་ཆ་དེ་གར་གསོ་རླུང་འདུས་ཚད་དཀོན་པས་འགུལ་སྐྱོད་ཤུགས་ཆེན་པོ་བྱས་ན་གསོ་རླུང་མི་འདང་བ་དང་ཐ་ན་སྙིང་དང་གློ་བའི་ནུས་པར་ཡང་ཤུགས་རྐྱེན་ཐེབས་སྲིད། གསོ་རླུང་སྒྲིག་ཆས་ནི་ཉི་འོད་དྲོད་ཁང་ནང་གི་སྤྲོ་སྣང་ལྡན་ཤོས་ཀྱི་ཅ་དངོས་ཤིག་ཡིན་ལ། “ལུས་རྩལ་རྩེ་ཞོར་དུ་གསོ་རླུང་རྔུབ་པ”ཡང་ཉི་འོད་དྲོད་ཁང་ནང་གི་ཆེས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

དུས་ཡུན་རིང་པོ་གནས་དེར་བཅའ་སྡོད་བྱེད་མཁན་མི་དམངས་ཉེན་རྟོག་པར་མང་ཉུང་ལ་མ་བལྟོས་པའི་ས་མཐོའི་ནད་ཕོག་ཡོད་མོད། འོན་ཀྱང་ཁོང་ཚོའི་ངོས་ནས་བརྗོད་ན་དེ་ནི་དཀའ་ངལ་ཆེ་ཤོས་མ་ཡིན། མི་དམངས་ཉེན་རྟོག་པ་ངག་དབང་དགེ་བསྙེན་གྱིས“རྒྱལ་སྲུང་མཐའ་སྲུང་བྱེད་རྒྱུ་ནི་ངའི་འགན་འཁྲི་ཡིན། ཁོར་ཡུག་ཧ་ཅང་ཞན་པོ་དང་བསྡུར་ན་ནང་མིར་བཅངས་པའི་དྲན་གདུང་དང་ཉིན་རེ་དང་ལོ་རེའི་ཁེར་རྐྱང་ཡུལ་པོའི་སྣང་བ་ནི་འགྲན་སློང་ཆེ་ཤོས་རེད”ཅེས་བཤད། དུས་ཆེན་དང་ངལ་གསོའི་དུས་སུའང་ལས་མི་ཡོངས་ལས་གནས་བརྟན་སྲུང་བྱེད་དགོས་པའི་ལས་ཀའི་ངོ་བོས་ནང་མི་དང་ས་ཆ་གཉིས་སུ་གྱེས་ནས་མཉམ་འཛོམས་དཀོན་པ་དང་། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་པའི་འོག་ཐག་རིང་ནས་ཁྱིམ་དུ་ལོག་པའི་ལམ་བུར་རྒྱང་ལྟ་བྱེད་རྒྱུ་ལས་མ་འདས། ཁོང་ཚོས་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ལྷག་པར་དུ་ལྟ་སྲུང་བྱེད་པའི་ས་ཆ་སྦར་མཐིལ་ཙམ་རེ་རེ་དང་ཡུལ་ཕྱོགས་གཞན་དུ་འཚོ་བ་སྐྱེལ་བཞིན་པའི་གཉེན་ཉེ་འབྲེལ་བ་དམ་ཟབ་ཡོད་པ་བསམ་བློར་འཁོར་སྐབས། ཁེར་རྐྱང་ཡུལ་པོའི་འཚོ་བ་དེ་ནི་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུར་གྱུར་ནས་སེམས་ནང་རིམ་བཞིན་སྤྲོ་བ་འཕེལ།

ཉི་འོད་དྲོད་ཁང་གི་འགྲམ་དུ་ད་དུང་ཉི་འོད་དྲོད་ཁང་རྙིང་པ་ཞིག་ཡོད་ཅིང་། དགུན་ཁ་འཆར་རིམ་བཞིན་རྫོང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཟིན་གྱི་ཡོད་པ་དང་། དགུན་ཁའི་དུས་སུ་སྔོ་ལྗང་ཕྲན་ཙམ་ཡང་མཐོང་རྒྱུ་མེད་པའི་མཐོ་གྲང་ས་ཁུལ་དུ་མི་དམངས་ཉེན་རྟོག་པས“སུར་པན་རྒྱ་མ་རེར་སྒོར་50དང་། རྒྱ་སྲན་རྒྱ་མ་རེར་སྒོར་20 རྒུན་འབྲུམ་རྒྱ་མ་རེར་སྒོར་28བཅས་སྔོ་ཚལ་དང་ཤིང་འབྲས་ཀྱི་རིན་གོང་མཐོ་པོ་འདི་འདྲ་དངོས་གནས་རྒྱས་སྤྲོས་རང་རེད”ཅེས་རྩིས་བརྒྱབ། དེས་ན་མཐའ་སྲུང་མི་དམངས་ཉེན་རྟོག་པས་ལས་ཁུངས་སུ་སྔོ་ཚལ་འདེབས་རྒྱུའི་སེམས་ཐག་བཅད། ས་ཆ་དེ་གར་བྱེ་རླུང་ལྡང་མང་བ་དང་ཉི་འོད་ལེགས་ཤིང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བའི་ཁྱད་ཆོས་ཡོད། མི་དམངས་ཉེན་རྟོག་པས་རྒྱུ་ཆ་རང་ས་ནས་བཙལ་ཏེ་ས་དོང་འདྲུ་བའི་ཐབས་ལ་བརྟེན་ནས་དྲོད་ཁང་ཆེན་པོ་བསྐྲུན་པ་དང་། རིའི་ཁྱད་ཆོས་ལ་བརྟེན་ནས་ཕྱེད་ཀ་ས་ཁུང་བསླངས་པ་དང་ཕྱེད་ཀ་ལྕགས་གདུང་ལ་འགྱིག་ཤོག་གཡོགས་ཏེ་དྲོད་ཁང་ཆེན་པོ་བསྐྲུན་པས་ཞིང་ལས་སྐྱེ་དངོས་ལ་སྲུང་སྐྱོང་ཧ་ཅང་ཡག་པོ་ཐུབ་པ་རེད། དེ་རྗེས་ས་ཁོད་སྙོམས་ནས་རྣང་མ་7བཟོས་ཏེ་སོ་སོས་ཡུར་མ་བརྒྱབ་པ་དང་སྔོ་ཚལ་གྱི་སོན་སྣ་ཚོགས་བཏབ་ནས་དུས་ཚོད་ངེས་ཅན་ཞིག་རིང་གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད། ཚལ་གྱི་སྐྱེ་འཚར་ལེགས་པ་དང་། རང་ཁ་རང་གསོ་ཐུབ་ནས་ཟས་སྣ་ཕུན་སུམ་ཚོགས་པོ་བྱུང་བས་མཐའ་སྲུང་མི་དམངས་ཉེན་རྟོག་པ་ཚོ་སྤྲོ་སྣང་རབ་ཏུ་འཕེལ་ཡོད།

མེས་རྒྱལ་གྱི་མཐའ་མཚམས་སུ་ཁོང་ཚོ་དང་འདྲ་བའི་ན་གཞོན་མི་དམངས་ཉེན་རྟོག་པ་མང་པོ་ཞིག་གིས་བློ་རིག་ལ་བརྟེན་ནས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བས་བོད་ཀྱི་འཕེལ་རྒྱས་སྔར་བས་ལེགས་སུ་ཕྱིན་ཡོད། མི་དམངས་ཉེན་རྟོག་པ་མི་རབས་མང་པོས“མིག་དཔེ”དེ་དག་གི་འབོད་སྐུལ་འོག་མུ་མཐུད་བརྟན་སྲུང་དང་གཅིག་རྒྱུན་གཅིག་འཛིན་གྱིས་རྒྱུན་མཐུད་འབད་འཐབ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བཞིན་ཡོད།

གྲོང་མི་ཆོས་འཛིན་གྱི་ཁྱིམ་དུ་ཧ་ཅང་དྲོ་སྐྱིད་ལྡན་པའི་འདྲ་པར་ཞིག་བཀལ་ཡོད་པ་སྟེ། ཁང་དམར་རྫོང་ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒན་རྒོན་ལ་འཚམས་འདྲིའི་དངོས་པོ་བསྐྱལ་བའི་ནང་ཉི་འོད་དྲོད་ཁང་དུ་བཏབ་པའི་སྔོ་ཚལ་ཡོད་པ་དེ་རེད། ཞིང་ལས་བྲེལ་བ་ཆེ་བའི་དུས་སུ་མི་དམངས་ཉེན་རྟོག་པས་ད་དུང་དུས་ཚོད་སྤྱད་དེ་རང་འགུལ་ངང་གྲོང་མིར་ས་ཞིང་འདེབས་རོགས་བྱེད་པ་དང་གྲོང་མི་རྣམས་སོ་སོའི་ནང་མིར་བརྩིས་ཏེ་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད། མཐའ་མཚམས་ཀྱི་གྲོང་མི་དང་མཐའ་སྲུང་མི་དམངས་ཉེན་རྟོག་པའི་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་ནི་དོན་དག་ཆུང་ཙག་དེ་ལྟ་བུ་ལས་རིམ་བཞིན་བྱུང་བ་ཞིག་རེད།

མང་ཚོགས་ཚོའི་མིག་ཟུང་ལས་ཡིད་ཆེས་མངོན་ཞིང་བཀའ་དྲིན་ཡིད་ལ་བཅངས་ཡོད། དམར་མདངས་བཀྲ་བའི་ཏང་དར་འགག་རྩའི་དུས་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་ལྷབ་ལྷུབ་ཏུ་གཡོ་བ་རི་ཀླུང་དང་ལོ་ཟླས་དཔང་པོ་བྱེད་ཐུབ། ཁང་དམར་རྫོང་ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་དུ་མཉམ་འགོག་རུ་མི་བཅུ་གྲངས་ཁ་ཤས་ཡོད་པ་དེ་དག་གིས་ཕྱུགས་འཚོ་གིན་མཐའ་མཚམས་སྲུང་བཞིན་ཡོད། ཉེན་དམངས་མཉམ་ལས་དང་དམངས་དང་མཉམ་སྲུང་བྱས་ཏེ་ཀུན་སེམས་གཅིག་སྒྲིལ་དང་དྲང་ནུས་ཆེ་ཤོས་གཅིག་སྡུད་ཀྱིས་བློ་ཁ་ཕྱོགས་ཤུགས་ཆེ་ཤོས་ཆགས་པར་བྱེད་བཞིན་ཡོད། ཀྲུང་གོ་དང་འབྲུག་ཡུལ་གྱི་མཐའ་མཚམས་སྤྱི་ལེ་600ཟིན་པའི་མཐའ་མཚམས་ཀྱི་གྱ་གྱུའི་ལམ་བུར་མཐའ་སྲུང་མཐའ་སྐྱོང་གི་ཉེན་རྟོག་པ་དང་མང་ཚོགས་ཚོས་མགོ་བོ་མཐོན་པོར་བཏེགས་ཤིང་། ཁོང་ཚོས་མཐའ་མཚམས་བརྟན་ལྷིང་གི་འབྱུང་འགྱུར་མཉམ་དུ་བཏོད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།