ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅུན་ཀྲེང་གིས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁར་བརྟག་ཞིབ་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6e19d281-7a43-4ea7-95ab-2d38f2f88ba3.jpg

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁར་ཕེབས་ནས་གནའ་བོའི་སྐྲུན་དངོས་སྲུང་སྐྱོབ་ཉམས་གསོ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་དང་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཕོ་བྲང་པོ་ཏ་ལར་རིག་དངོས་སྲུང་སྐྱོབ་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

91c474bc-2e7a-4ef3-8c30-99ad435a91ad.jpg

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁར་ཕེབས་ནས་གནའ་བོའི་སྐྲུན་དངོས་སྲུང་སྐྱོབ་ཉམས་གསོ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་དང་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ནོར་བུ་གླིང་ཁར་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁར་ཕེབས་ནས་གནའ་བོའི་སྐྲུན་དངོས་སྲུང་སྐྱོབ་ཉམས་གསོ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་དང་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། དབང་ཧའེ་ཀྲོའུ། ཟླ་བ་ཚེ་རིང་། རྡོ་རྗེ་ཚེ་སྒྲུབ་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

ཕོ་བྲང་པོ་ཏ་ལ་ནི་རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་70ལྷག་ཙམ་གྱི་གྲས་ཤིག་ཡིན་པ་དང་། 1994ལོར《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཅུག་ཡོད། ཝང་ཅུན་ཀྲེང་གིས་རྡོ་སྐས་འཛེགས་ཞོར་དུ་ངོ་སྤྲོད་གསན་པ་རེད། ཕོ་བྲང་གི་ཡང་རྩེ་ནས་ལྷ་ས་གྲོང་ཁུལ་ལ་ཐུར་ལྟ་བྱེད་སྐབས་དགུང་སྔོན་སྤྲིན་དཀར་འོག་གི་གང་སར་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པ་དང་། སྲོལ་རྒྱུན་རིག་གནས་དང་དེང་རབས་ཤེས་དཔལ་ཕན་ཚུན་གཅིག་ལ་གཅིག་འགྲན་ལྟར་གནས་པ། མཛེས་སྡུག་ལྡན་པའི་རང་བྱུང་ཁམས་དང་གྲོང་ཁྱེར་འཛུགས་སྐྲུན་གཞི་གཅིག་ཏུ་འདྲེས་ཡོད། ཝང་ཅུན་ཀྲེང་གིས་རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་དང་ཁྱད་ཆོས་ལྡན་ས་ཡིན། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་བར་མཐོངས་ཆེན་པོ་གསུམ་གྱི་བཀོད་པར་སྤྱི་འདོམས་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་ལ་མུ་མཐུད་སྣང་ཆེན་བྱེད་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ། ས་མཐོའི་བདེ་སྐྱིད་ལྡན་པའི་སྡོད་མལ་གྲོང་ཁྱེར་བསྐྲུན་པ་བཅས་བྱས་ནས་གངས་ལྗོངས་ས་མཐོ་སྔར་བས་མཛེས་སྡུག་ལྡན་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་བ། ལོ་རྒྱུས་རིག་གནས་གནའ་གྲོང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་བའི་སྒོ་ནས་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ད་ལྟ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་པས་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད། ཝང་ཅུན་ཀྲེང་གིས་ཡུལ་སྐོར་བ་དང་ལས་དོན་མི་སྣར་འཚམས་འདྲི་གནང་བ་རེད། ཤིང་ཏ་ལའི་ལོ་མའི་དཔེ་མཛོད་ཁང་དུ་ཝང་ཅུན་ཀྲེང་གིས་གནའ་དཔེ་སྲུང་སྐྱོབ་དང་ཞིབ་འཇུག་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་གཏིང་ཟབ་གནང་ནས་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཉམས་གསོ་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་གནའ་རྫས་རྟོག་ཞིབ་འཚོལ་ཞིབ་དང་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱ་རྒྱུ་དེ་རང་བྱུང་ཚན་རིག་གི་ལག་རྩལ་བྱ་ཐབས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཤིང་ཏ་ལའི་ལོ་མའི་དཔེ་ཆའི་རྒྱུ་ཆ་བཟོ་བ་དང་། བཟོ་རྩལ་བརྒྱུད་རིམ། ཉམས་གསོའི་ལག་རྩལ། ལོ་རྒྱུས་ཀྱི་དུས་མཚམས་འབྱེད་པ། ཚད་ལྡན་ཡིག་ཆ་གསལ་འགྲེལ་སོགས་ཐད་ཀྱི་ཕྱོགས་བསྡུས་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་དང་སྲུང་སྐྱོབ་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བདེ་ཡངས་ཤར་དང་། གཟིམ་ཆུང་ཉི་འོད་འཁྱིལ། གསེར་ཟངས་རྒྱ་ཕིབས་སོགས་སུ་ཝང་ཅུན་ཀྲེང་གིས་ཕོ་བྲང་པོ་ཏ་ལའི་སྐྲུན་དངོས་བཟོ་རྩལ་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས། རིག་དངོས་ཤུལ་བཞག སྲུང་སྐྱོབ་ཉམས་གསོ་སོགས་ལ་གཟིགས་ཞིབ་ནན་ཏན་དང་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ལྷག་ཙམ་སོང་རིང་རྒྱལ་ཁབ་ཀྱིས་རྒྱུན་མཐུད་ངང་མ་དངུལ་འབོར་ཆེན་བཏང་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། གཙུག་ལག་ཁང་སོགས་ཀྱི་རིག་དངོས་གནའ་ཤུལ་ཉམས་གསོ་སྲུང་སྐྱོབ་བྱས་པ་དང་། 2018ལོའི་ལོ་མཇུག་ཏུ་སྤེལ་འགོ་ཚུགས་པའི་ཕོ་བྲང་པོ་ཏ་ལའི་རིག་དངོས(གནའ་དཔེའི་ཚད་ལྡན་ཡིག་ཆ)སྲུང་སྐྱོབ་བེད་སྤྱོད་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་ནས་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་ཡོད། ཝང་ཅུན་ཀྲེང་གིས་རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་སྲུང་སྐྱོབ་ཀྱི་ཚན་རྩལ་འདུས་ཚད་དང་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ་རྩ་ཆེའི་གནའ་དཔེ་དང་རིག་དངོས་ཐོན་ཁུངས་ལ་གསོན་ཤུགས་རྒྱས་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ་ལོ་རྒྱུས་ཀྱི་རྗེས་ཤུལ་དང་ཤེས་དཔལ་གྱི་རྩ་བ་གནས་པར་བྱེད་དགོས། རིག་དངོས་ལ་ཡོད་པའི་རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ནས་མི་དེ་བས་མང་བས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བློ་གྲོས་དང་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ་དང་རིག་དངོས་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་གཏམ་རྒྱུད་ཡག་པོ་རྗོད་དགོས་ཞེས་ནན་བཤད་གནང་བ་རེད།

ནོར་བུ་གླིང་ཁ་ནི་ལྷ་སའི་གྲོང་མི་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་སྤྲོ་གསེང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་ཞིག་རེད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་གསར་གཏོད་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ཝང་ཅུན་ཀྲེང་གིས་བོད་ཀྱི་རིག་གནས་ཀྱི་ནང་དོན་ཟབ་པོ་ཡོད་པས་རིག་གནས་གསར་གཏོད་སོགས་གསར་དར་ཐོན་ལས་ལ་མདུན་ལམ་ཆེན་པོ་ཡོད། རང་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་དུས་རབས་དང་ཁྲོམ་རའི་དགོས་མཁོ་དང་རང་འགུལ་ངང་འཚམ་པ་དང་། དེང་རབས་ཀྱི་ཚོང་གཉེར་འདུ་ཤེས་དང་བྱེད་ཐབས་བེད་སྤྱོད་གང་ལེགས་བྱེད་པ། རིག་གནས་བསམ་བཀོད་ཐོན་རྫས་དང་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཤུགས་ཆེན་བྱེད་པ། རིག་གནས་ཀྱི་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ། བོད་ཀྱི་རིག་གནས་གསར་གཏོད་ཀྱི་ཁྱད་ལྡན་སྤུས་རྟགས་མུ་མཐུད་སྟོབས་ཆེར་གཏོང་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་དངོས་ཀྱི་ལས་དོན་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་རྒྱས་བཤད་གཏིང་ཟབ་གནང་སྟེ། དུས་རབས་གསར་པའི་རིག་དངོས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིག་དངོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་མཐོ་ཚད་ནས་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། བོད་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་འགན་འཁྲི་ལྕི་པོ་དེ་བས་རང་རྟོགས་ངང་ཕྲག་ཏུ་འཁུར་དགོས་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་རིག་དངོས་སྲུང་སྐྱོབ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས“སྲུང་སྐྱོབ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན། དོ་དམ་ལ་ཤུགས་སྣོན”བཅས་ཀྱི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བོད་ཀྱི་རྩ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས། སྲུང་སྐྱོབ་བྱེད་པ་ནི་སྲིད་དོན་ལས་རྗེས་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རིག་དངོས་སྲུང་སྐྱོབ་ཀྱི་ཁོངས་གཏོགས་དོ་དམ་བླང་བྱ་དང་ས་གནས་རིམ་ཁག་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ། རིག་དངོས་སྲུང་སྐྱོབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ། ཆེད་ལས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ཤུགས་ཆེན། སྤྱི་ཚོགས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཤུགས་ཆེན་གཏོང་བ། རིག་དངོས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་རིག་དངོས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རིག་དངོས་ཁུལ་གྱི་མེ་ཟོན་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། ཚན་རྩལ་གྱི་སྟོབས་ཤུགས་ལ་རྟེན་པ། རིག་དངོས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་གྱི་ནུས་པ་ཆེ་རུ་གཏོང་བ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། རིག་དངོས་ཀྱི་བདེ་འཇགས་མཐའ་གཅིག་ཏུ་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཀྲུང་ཧྭའི་རིག་གནས་ནི་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་རྟེན་ས་དང་སེམས་ཀྱི་ཆགས་ས་ཞིག་རེད། ལོ་རྒྱུས་ཞིབ་འཇུག་དང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། རིག་དངོས་སྲུང་སྐྱོབ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བཅས་ཐོག་མཐའ་བར་གསུམ་དུ་རིག་དངོས་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་དང་། རིག་དངོས་ཁྲོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་སྟོབས་ཤུགས་ལ་རྟེན་པ། མི་རིགས་ཁག་གི་མང་ཚོགས་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བཅས་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་སྒྲིལ་གྱིས་གསོན་ཉམས་དོད་པའི་ལག་ལེན་བསྟར་རིང་རིག་དངོས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་མངོན་པར་བྱེད་དགོས། སྲོལ་རྒྱུན་སྲུང་སྐྱོབ་དང་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས། བོད་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཟུང་འབྲེལ་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། ཁྱད་ལྡན་དང་། རྩེར་སོན། རྩེ་གྲ་བཅས་མཐའ་འཁྱོངས། རིག་གནས་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་སྤུས་འབོར་གཉིས་ལྡན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། “དགུན་དུས་བོད་དུ་ཡུལ་སྐོར་བྱེད”དང་། “རིག་གནས་གསར་གཏོད་ཀྱི་བོད་ལྗོངས”“ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”བཅས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།