ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅུན་ཀྲེང་གིས་མངའ་རིས་ལ་བརྟག་ཞིབ་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

19345f3d-5017-4e00-8656-ee46d10ccac0.jpg.1.jpg

པར་འདི་ནི་ཝང་ཅུན་ཀྲེང་གིས་རྩྭ་མདའ་བྲུ་རོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་དུ་གནའ་ཤུལ་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་རྟོག་ཞིབ་གནང་བཞིན་པ། 

3f8274ef-221b-4759-a222-ecd9997c4ced.jpg.1.jpg

པར་འདི་ནི་ཝང་ཅུན་ཀྲེང་གིས་རྩྭ་མདའ་རྫོང་རྩ་ཧྲེང་གྲོང་ཚོའི་ཚེ་རིང་རྡོ་རྗེའི་ནང་མི་དང་གླེང་མོལ་གནང་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་5ཚེས་19ཉིན་ནས་ཚེས་22ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་དང་། རྩྭ་མདའ་རྫོང་། སྒར་རྫོང་བཅས་སུ་ཕེབས་ནས་བརྟག་ཞིབ་གནང་བར་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ། ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་མངོན་འགྱུར་བྱས་ནས་མངའ་རིས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་མངའ་རིས་འདི་ཉིད་གངས་ལྗོངས་ས་མཐོའི“ནུབ་རྒྱུད་ཀྱི་མུ་ཏིག”ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྨ་བྱ་ཁ་འབབ་དང་གླང་ཆེན་ཁ་འབབ་ནས་སེང་གེ་ཁ་འབབ་བར། ཝང་ཅུན་ཀྲེང་གིས་གངས་རིན་པོ་ཆེའི་འཁྱགས་རོམ་སྲུང་སྐྱོང་དང་། མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་འདམ་ར་སྲུང་སྐྱོང་། རྩྭ་མདའ་བྲུ་རོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་གནའ་ཤུལ་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་ཞིག་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོང་དང་ཆ་ལག་ཚང་བའི་བཅོས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་དང་། གཙང་པོ་དང་ཆུ་བོ་གཙོ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་མངའ་རིས་ཀྱི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་གཏིང་ཟབ་ལྡན་ཡོད། 

ཝང་ཅུན་ཀྲེང་གིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་འཁོར་ཆགས་གྲོང་ཚོ་དང་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལ་རྟོག་ཞིབ་གནང་བ་དང་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སོགས་ལྗང་མདོག་ཐོན་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། གནའ་རྫས་རྟོག་ཞིབ་ལས་དོན་དང་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་ངང་གཞན་སྒྱུར་དང་གསར་གཏོད་རང་བཞིན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྲུང་སྐྱོང་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། གུ་གེ་རྒྱལ་རབས་གནའ་ཤུལ་འདབས་སུ་གནས་པའི་རྩ་ཧྲེང་གྲོང་ཚོས་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་ཡོད། ཝང་ཅུན་ཀྲེང་ཚེ་རིང་རྡོ་རྗེའི་ཁྱིམ་དུ་ཕེབས་ཏེ་རྒན་རྒོན་ནད་མེད་ཚེ་རིང་དང་། ཕྲུ་གུ་སྦྱངས་འབྲས་ལེགས་པ། ཁྱིམ་ཚང་འཆམ་མཐུན། འཚོ་བ་བདེ་སྐྱིད་བཅས་ཡོད་པ་མཁྱེན་སྐབས། ཁོང་གིས“ཁྱིམ་ཚང་ཁྲི་སྟོང་མང་པོ་ལས་རྒྱལ་ཁབ་གྲུབ་ཡོད། ཕྲུ་གུ་གསོ་སྐྱོང་དང་སློབ་གསོ་ཡག་པོ་གཏོང་བ་དང་། རྒན་རྒོན་ལ་བསྙེན་བཀུར་དང་ལྟ་སྐྱོང་ཡག་པོ་བྱེད་པ། ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པ། མཐའ་མཚམས་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། ཁྱིམ་ཚང་ཆུང་ངུ་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོང་བ་དང་ཁྱིམ་ཚང་ཆེན་པོ་དར་རྒྱས་འབྱོར་ཕྱུག་ཡོང་བར་བྱེད་དགོས”ཞེས་དགྱེས་ཚོར་ཆེན་པོས་གསུངས་པ་རེད།

སྒར་རྫོང་བཀྲིས་སྒང་ཤང་བདེ་མཆོག་གྲོང་ཚོར་ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་བཞིན་གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་མཁྱེན་རྟོགས་གཏིང་ཟབ་གནང་བ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་ཉལ་ཁང་དང་ཐབ་ཚང་དུ་ཕེབས་ནས་རུ་མི་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བསོད་ནམས་ཚེ་རིང་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་མཐའ་མཚམས་མང་ཚོགས་ཀྱི་ཁྱིམ་ཚང་གི་ཡོང་འབབ་བཀའ་འདྲི་གནང་བ་རེད། ཚང་མས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱ་རྒྱུའི་ཐུགས་རེ་གནང་བ་རེད། སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ་སྔོ་ཚལ་སྣ་ཁ་འཛོམས་ལ། ཤིང་འབྲས་ཀྱི་དྲི་ཞིམ་གང་སར་འཐུལ་བཞིན་འདུག ཝང་ཅུན་ཀྲེང་གིས་གཙོ་བོ་ས་གནས་དེ་གའི་མང་ཚོགས་ཚོས་ཞིང་ལས་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་དོན་དངོས་དང་བསྟུན་ནས་ས་གནས་དེ་གའི་གནམ་གཤིས་ཁོར་ཡུག་དང་འཚམ་པའི་འདེབས་གསོའི་ལག་རྩལ་ཞིབ་འཇུག་དང་འཚོལ་ཞིབ་བྱས་ནས“ས་གནས་དེར་འཚམ་པའི”དེང་རབས་ཀྱི་ཞིང་ལས་ལག་རྩལ་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ལ་བདེ་སྐྱིད་རྒྱུན་ཆད་མེད་པར་སྐྲུན་དགོས་པའི་ནན་བཤད་གནང་བ་རེད། མངའ་རིས་དང་བོད་དབུས་གློག་དྲ་འབྲེལ་མཐུད་ལས་གྲྭ་2020ལོའི་ལོ་མཇུག་ཏུ་བསྐྲུན་ནས་སྤྱོད་འགོ་ཚུགས་པས་མངའ་རིས་ཀྱི་གློག་དྲ་ཁེར་རྐྱང་འཁོར་སྐྱོད་ཀྱི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད། ཝང་ཅུན་ཀྲེང་པར་དམག་ཚུགས་ཀྱི་ཆན་ཕུའུ་220ཡི་གློག་སྒྱུར་ས་ཚིགས་སུ་ཕེབས་ནས་གློག་དྲ་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་གློག་ཤུགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས་གློག་དྲ་གཙོ་བོ་ཐག་རིང་གི་ཞིང་འབྲོག་ཁུལ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

“ལོ་ག་ཚོད་ཡིན་ནམ། འཚོ་བ་གོམས་འདུག་གམ” མངའ་རིས་ས་ཁུལ་གྱི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་བགྲེས་སོང་ཚོའི་ལག་པ་འཇུས་ནས་བཀའ་འདྲི་ཞིབ་ཚགས་གནང་བ་མ་ཟད། བགྲེས་སོང་ཚོ་ནད་མེད་ཚེ་རིང་དང་ཚེ་མཇུག་སྤྲོ་པོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། བྱིས་པའི་ཉལ་ཁང་དུ་ཕེབས་ནས། ཝང་ཅུན་ཀྲེང་གིས་ཕྲུ་གུ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་འབྲེལ་ཁོང་ཚོ་མགྱོགས་མྱུར་འཚར་ལོངས་ཡོང་བར་བྱས་ཏེ་རྒྱལ་ཁབ་དང་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་པ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཞལ་མ་གྱེས་གོང་། ཝང་ཅུན་ཀྲེང་གིས་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད། ཝང་ཅུན་ཀྲེང་གིས་བསྙེན་བཀུར་ལྟེ་གནས་ཀྱི་ལས་དོན་མི་སྣར་ནུས་ཤུགས་ཡོད་རྒུས་བགྲེས་སོང་དང་ཕྲུ་གུ་ཚོར་ལྟ་རྟོག་ཡག་པོ་བྱས་ཏེ་ཁོང་ཚོས་ཁྱིམ་ཚང་ལྟར་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད།

མངའ་རིས་ནི་ཁུང་ཧྥན་སེན་གྱི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན། ཝང་ཅུན་ཀྲེང་ཁུང་ཧྥན་སེན་སློབ་ཆུང་དུ་ཕེབས་ནས་ཁུང་ཧྥན་སེན་གྱི་འོད་སྟོང་འཕྲོ་བའི་མཛད་རྗེས་ལ་རྗེས་དྲན་ཞུས་ཤིང་། ཁོང་གིས་མི་དམངས་ཀྱི་ཆེད་དུ་བློ་གཅིག་སེམས་གཅིག་དང་ཐོག་མའི་བསམ་འདུན་མ་བརྗེད་པའི་ཁུང་ཧྥན་སེན་གྱི་གཅེས་སེམས་ཆེན་པོའི་སྙིང་སྟོབས་ནི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གཞི་རིམ་དུ་གཞི་ཚུགས་པ་དང་ཁུང་ཧྥན་སེན་གྱི་སྙིང་སྟོབས་ལག་བསྟར་ཏན་ཏིག་བྱས་ནས་མང་ཚོགས་ཁྲོད་སྐྱོད་པ་དང་ལག་ལེན་ཁྲོད་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་སེམས་ནང་མི་སེར་འཆང་བ་དང་དམ་པ་དོན་གཉེར་ངང་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་སྙིང་ཉེ་བ་ཞིག་བྱེད་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་མངའ་རིས་ས་ཁུལ་གྱི་ལས་དོན་སྙན་སེང་གསན་པ་མ་ཟད། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལའང་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཐུབ་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བརྟན་པོར་བཙུགས་ནས་ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་འཁྱོངས་དང་ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམངས་འཚོ་ནི་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་མི་སེམས་ནི་ཆབ་སྲིད་ཆེ་ཤོས་རེད། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དམ་འཛིན། མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན། ལོ་ལྟར་དམངས་འཚོའི་དོན་དངོས་ཁག་གཅིག་ཡག་པོ་སྒྲུབ་པ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞན་ཆ་སེལ་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བཅས་ཡོང་བར་བྱེད་དགོས། མཐའ་བརྟན་དང། མཐའ་དར། དམངས་ཕྱུག་བཅས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་པར་སྐུལ་ལྕག་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་ཚོད་འཛིན་སེལ་རྒྱུར་ཤུགས་བརྒྱབ་སྟེ་དམངས་འཚོའི་སྐྱིད་སྣང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དགེ་སྤེལ་སྐྱོན་སྤང་དང་ཡུལ་བབ་དང་བསྟུན་པ་དང་། སྔོ་ལྗང་གཙོ་བོར་བཟུང་བ་དང་ཁྱད་ཆོས་གཙོ་བོར་འཇོག་པ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུར་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་ལེགས་ཆ་ཟབ་གཏོད་བཅས་བྱེད་དགོས། རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཐོན་ཁུངས་ནི་རྩ་བ་ཡིན་པ་དང་། ཁྱད་ལྡན་ནི་རྩ་བ་ཡིན་པ། རིག་གནས་ནི་བླ་སྲོག་ཡིན་པ། ཁྲོམ་ར་ནི་འགག་རྩ་ཡིན་པ་བཅས་མཐའ་འཁྱོངས། འགོ་འཛུགས་ས་མཐོ་པོའི་སྒོ་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འཆར་འགོད་ཡག་པོ་བཅས་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས། ས་ཁོངས་འཕེལ་རྒྱས་ལ་གཞི་ཚུགས་ནས་རིགས་ཁག་གི་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ནུས་ལྡན་ངང་བསྡུ་སྒྲིལ་དང་རང་བྱུང་ཡུལ་ལྗོངས་དང་མི་ཆོས་རིག་གནས་རྣམ་པ་མཐུན་སྦྱོར་གཅིག་གྱུར་ཡོང་བ་བྱས་ནས་མངའ་རིས་ཀྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་ཧུར་ཐག་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་བ་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མཐའ་དག་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱེད་དགོས། དུས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། འགལ་ཟླ་གཙོ་བོ་དམ་འཛིན་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཅས་བྱས་ཏེ་ལས་ཀའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཉམས་མྱོང་ཕྱོགས་སྡོམ་བྱེད་པར་དོ་སྣང་དང་། རྨང་གཞི་མཐིལ་རྟོགས། བསམ་ཕྱོགས་གསལ་བཟོ། བྱེད་ཐབས་ལ་ཤུགས་སྣོན། གནད་སྨིན་ཤུགས་འདོན་བཅས་བྱས་ནས་གཙོ་གནད་འགག་སྒྲོལ་ལ་བརྟེན་ནས་ལས་དོན་ཧྲིལ་པོར་གོང་མཐོར་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས། འདུ་ཤེས་སྔར་བས་གསར་བརྗེས་དང་། རང་འགུལ་གྱི་གསར་གཏོད་འདུ་ཤེས་འཕེལ་བ། ལམ་ལུགས་ལམ་སྲོལ་གསར་གཏོད་ཀྱིས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕན་འབྲས་དངོས་ལ་བརྟེན་ནས་བྱ་ཐབས་དང་བྱེད་ཐབས་ལ་ཞིབ་བཤེར་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“མིག་དཔེ་དྲུག”ལག་བསྟར། གསར་གཏོད་རང་བཞིན་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་སྤྱོད་ཚུལ་སྒོ་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

ཝང་ཅུན་ཀྲེང་ད་དུང་སྤུ་ཧྲེང་འགག་སྒོ་དང་རྩྭ་མདའ་རྫོང་གི་པ་ཏྲ་ཞིབ་བཤེར་ས་ཚིགས་སུ་ཕེབས་ནས་མཐའ་མཚམས་ཞིབ་བཤེར་དང་། འགག་སྒོ མི་དམངས་ཉེན་རྟོག་པ། སྨན་དོན་མི་སྣ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།