ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ། འཚོ་བ་སྔར་ལས་དར་ཞིང་རྒྱས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་ལྗོངས་ཀྱིས་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་གཞུང་ལམ55ཡི“མཐའ་མའི་འགག་གནད”ཀྱི་སྲིད་འཛིན་གྲོང་ཚོ་འབྲེལ་མཐུད་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་བཏང་ནས་གངས་ལྗོངས་ས་མཐོའི་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱས་པ།

“ཉེ་ཆར་ཚོང་ཧ་ཅང་ཡག་པོ་འདུག གཟའ་འཁོར་རེར་སྒོར་2000ལྷག་ཙམ་གྱི་འབྲི་ཏ་ས་འཛིན་འཚོང་ཐུབ་ཀྱི་འདུག”བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་རྡོ་རགས་གྲོང་ཚོའི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་འབྲི་ཏ་ས་འཛིན་ཀྱི་འབྲས་བུ་བཏགས་ཡོད་པ་དང་ཞོག་ཁོག་མེ་ཏོག་ཁྲ་ཆིལ་ལེར་བཞད་ཡོད་ཅིང་། གྲོང་མི་པ་སངས་ཚེ་རིང་གིས་རང་ཁྱིམ་གྱི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ལས་ལ་བྲེལ་བཞིན་ཡོད།

པ་སངས་ཚེ་རིང་གིས། གྲོང་གསེབ་ཀྱི་གཞུང་ལམ་རང་ཁྱིམ་གྱི་སྒོ་ཁར་བསྐྲུན་རྗེས་རླངས་འཁོར་ལ་བསྡད་ནས་སྐར་མ་ཁ་ཤས་ལས་མི་འགོར་བར་རྒྱལ་ལམ་ཐོག་སླེབས་པ་དང་དེ་ནས་ཆུ་ཚོད་ཕྱེད་ཀའི་ནང་ལྷོ་ཁ་གྲོང་ཁུལ་དུ་སླེབས་ཀྱི་འདུག དེར་བརྟེན་འབྲི་ཏ་ས་འཛིན་ཕྱིར་འདྲེན་བྱེད་སྐབས་འཕྲོ་བརླག་མང་པོ་འགྲོ་གི་མི་འདུག་ལ། ད་དུང་འབྲི་ཏ་ས་འཛིན་འཐུ་མཁན་གྱི་སྐུ་མགྲོན་ཡང་མི་ཉུང་བ་ཡོང་གི་འདུག་པས། འབྲི་ཏ་ས་འཛིན་ཕྱིར་ཚོང་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་སོང་ཞེས་བཤད།

སྐྱེད་པ་ཤང་གི་ཤང་ཀྲང་གཞོན་པ་ལིའུ་ཡུས་ཙེས། འགྲིམ་འགྲུལ་སྟབས་བདེ་བ་དང་ཁྱད་དུ་འཕགས་པའི་ས་གཤིས་ཀྱི་ལེཌ་ཆར་བརྟེན་ནས་ཁེ་ལས་མི་ཉུང་བ་ཞིག་གིས་ཞིང་ལས་ཐོན་ལས་ལ་མ་འཇོག་བྱེད་པར་ཡོང་གི་ཡོད“ད་ཆ་གྲོང་ཚོ་ཧྲིལ་པོར་འགྱིག་ཤོག་དྲོད་ཁང་ཆེ་མོ་79བརྒྱབ་པ་དེ་དག་ནང་སྔོ་ཚལ་དང་ཤིང་ཏོག་སོགས་སྣ་ཁ་ལྔ་དྲུག་བཏབ་ཡོད། འགྱིག་ཤོག་དྲོད་ཁང་ཆེ་མོ་རེ་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་གཉིས་གསུམ་ཡོང་གི་ཡོད་པ་དེས་ཁྱིམ་ཚང་ཚང་མའི་ལོའི་ཆ་སྙོམས་ཡོང་འབབ་ཀྱི་གསུམ་ཆ་གཅིག་ཙམ་ཟིན་གྱི་ཡོད”ཅེས་གསར་འགོད་པར་བཤད།

2021ལོའི་ལོ་སྨད་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་གཞུང་ལམ་55ཡི“མཐའ་མའི་འགག་གནད”ཀྱི་སྲིད་འཛིན་གྲོང་ཚོ་འབྲེལ་མཐུད་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། འདི་ལོའི་ཟླ་6པར་བསྐྲུན་ཟིན་རྗེས་གྲོང་གསེབ་གཞུང་ལམ་དང་རྒྱལ་ལམ་དང་ཞིང་ཆེན་གྱི་མ་ལམ་འབྲེལ་མཐུད་ཐུབ་རྒྱུར་སྔར་བས་སྐུལ་འདེད་ཐེབས་ཏེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་རེད།

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲོང་མི་ཚེ་རིང་གི་ཁྱིམ་ཚང་མགྲོན་ཁང་ལ་སྐྱོད་སྐབས། དེ་གར་ལྷོ་ཁའི་གྲོང་མིའི་ཡུལ་སྲོལ་གྱི་ཁྱད་ཆོས་ཆེན་པོ་ལྡན་པ་དང་འགྲུལ་ཁང་སྒྲིག་བཀོད་ཆ་ཚང་པོ་བྱས་འདུག ཚེ་རིང་གིས་ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་རང་ཁྱིམ་གྱི་ཆ་སྙོམས་ཡོང་འབབ་སྒོར་ལྔ་སྟོང་དྲུག་སྟོང་ཙམ་མང་དུ་ཕྱིན་སོང་ཞེས་གསར་འགོད་པར་བཤད།

བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནི་རྒྱལ་ལམ་དང་ཞིང་ཆེན་ལམ་དང་ཐག་ཉེ་པོ་ཡོད་པ་དང་། “བོད་ཀྱི་ལྷ་མོའི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ལྡན་ཡོད། 2019ལོར་ཨར་འདམ་ལམ་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་མང་པོ་དེ་གར་ལྷ་མོ་ལྟ་བ་དང་དམངས་སྲོལ་ཉམས་ལེན་བྱེད་པར་ཡོང་གི་ཡོད། མིག་སྔར་སྡེ་ཁུལ་དེར་ཁྱིམ་ཚང་མགྲོན་ཁང་70ལྷག་ཙམ་གཉེར་སྐྱོང་བྱེད་པ་དང་། མི་འབོར་50%ཡན་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་ལས་ལ་ཞུགས་ཡོད། སྡེ་ཁུལ་དེར་ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་ལོའི་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་བྱུང་ཡོད་ལ་ཁོར་ཡུག་ཡང་ལེགས་སུ་ཤུགས་ཆེན་ཕྱིན་ཡོད།

“གྲོང་གསེབ་ཀྱི་གཞུང་ལམ་ཚང་མ་གངས་ལྗོངས་ས་མཐོའི་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་དང་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་གྱུར་ཡོད”བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་ཟླ་བ་དངོས་གྲུབ་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་ལྟར་ན་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་3123བཀོད་སྒྲིག་བྱས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་941བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་3.82གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཡོད། 2021ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་9ལྷག་ཙམ་ཟིན་པ་དང་། ཤང་དང་གྲོང་རྡལ་280དང་སྒྲིག་ཚུད་གྲོང་ཚོ་2974ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད། འདི་ལོ་ལྗོངས་ཡོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་1799གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཏེ་སྲིད་འཛིན་གྲོང་ཚོ་200ཡི་ཨར་འདམ་ལམ་འདིང་རྒྱུའི་གནད་དོན་ཐག་གཅོད་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།