ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཀྱི་ཕན་འབྲས་མཉམ་སྤྱོད་བྱ་རྒྱུ་དེ་ཉིང་ཁྲིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2f16e22d-a9b5-40db-8a6d-3d7179d274e9.jpg.1.jpg

འདི་ནི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་རྩི་ཤིང་གིས་ཁེངས་པའི་ཉིང་ཁྲིའི་མེ་ཏོག་གི་སྒོར་སྒོར་ཐང་གི་ཁུག་ཆེན་ཡིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྡེ་ཚན་ཁག་གི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ལམ་སྲོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཡོད།

སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པ།

“ང་ཚོ་ནི་གདོད་མའི་ནགས་ཚལ་སྲུང་བའི་ས་ཚིགས་དང་པོ་དེ་ཡིན་པས་ངེས་པར་དུ་ཡག་པོ་སྲུང་དགོས”ལྐོག་ཏུ་ཤིང་སྡོང་གཅོད་བྲེག་མི་བྱེད་པའི་ཆེད་དུ། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གཏམ་སྙན་ཤང་ཀླུ་ཞར་ལུང་ཤུར་བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་ནགས་སྲུང་བ་པད་མ་ཚེ་རིང་གིས་ཉིན་ལྟར་རི་སྐོར་རྒྱག་གི་ཡོད།

འདི་ལོ་ལོ་73ལ་སླེབས་པའི་པད་མ་ཚེ་རིང་ད་བར་གཏམ་སྙན་ཤང་ཀླུ་ཞར་གྲོང་ཚོར་འཚོ་བ་སྐྱེལ་གྱི་ཡོད་ཅིང་། ཁོང་དང་ལོ་69ལ་སླེབས་པའི་ནགས་སྲུང་བ་བསོད་ནམས་ཚེ་རིང་གཉིས་ཀྱིས་ལོ་མང་རིང་ཀླུ་ཞར་ལུང་ཤུར་གྱི་མདོ་བསྲུངས་ནས་སྡོད་ཀྱི་ཡོད། གནས་དེའི་གདོད་མའི་ནགས་ཚལ་ཡུག་གཅིག་གི་ནང་དུ་གངས་ལྷ་མེ་ཏོག་དང་ཐང་ཤིང་སྤྲིན་རིས་སོགས་རྩི་ཤིང་རྩ་ཆེན་སྐྱེས་ཡོད་པ་དང་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་མང་པོ་གནས་ཡོད།

“ནགས་སྲུང་བ་བྱས་པ་ནས་བཟུང་། ལོ་ལྟར་ཁོང་གི་ལྷམ་ཆ་ལྔ་དྲུག་ཙམ་རལ་གྱི་ཡོད་ལ་ངལ་གསོ་རྒྱག་ཁོམ་ཧ་ལམ་མེད། འོན་ཀྱང་ནང་མི་ཚོས་ཁོང་གི་ལས་ཀར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད”ཅེས་པད་མ་ཚེ་རིང་གི་བཟའ་ཟླ་དཔའ་སྐྱིད་ཀྱིས་བཤད།

ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། པད་མ་ཚེ་རིང་དང་ལས་རོགས་ཚོས་ངང་རྒྱུད་རིང་པོས་འདྲི་རྟོག་དང་དྲིལ་བསྒྲགས་ཞིབ་ཚགས་བྱས་པ་བརྒྱུད། མང་ཚོགས་ཚོས་ནགས་ཚལ་ལ་གཅེས་སྤྲས་དང་། ནགས་ཚལ་སྲུང་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། ཀླུ་ཞར་གྲོང་ཚོར་ནགས་ཚལ་ཐོན་ཁུངས་གཏོར་བཤིག་གཏན་འགོག་དང་། ནགས་སྲུང་མེ་འགོག ཉེན་བརྡ་རྒྱུན་སྒྲོག་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ནས་ནགས་ཚལ་སྲུང་སྐྱོང་ལས་དོན་བདེ་བླག་ངང་སྤེལ་རྒྱུར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

ཉིང་ཁྲིར་པད་མ་ཚེ་རིང་ལྟ་བུའི་ཆེད་བསྐོས་ནགས་སྲུང་བ་3000ལྷག་ཙམ་དང་མང་ཚོགས་ནགས་སྲུང་བ་ཁྲི་12ལྷག་ཙམ་ཡོད་པ་རེད།

སྐྱེ་ཁམས་ཁོར་ཡུག་དེ་བས་མཛེས་སུ་སོང་བ།

“འདི་གར་ཡུལ་ལྗོངས་མཛེས་པོ་དང་ཁོར་ཡུག་ཡག་པོ་ཡོད་པས་ངའི་དགའ་ཤོས་ཀྱི་ཡུལ་ཡིན། ཉིན་ལྟར་སྔ་དགོང་ལ་སྐོར་བ་ཐེངས་ཁ་ཤས་རྒྱག་གི་ཡོད”ཅེས་གྲོང་མི་སྒྲོལ་མས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། ཉིང་ཁྲི་གྲོང་ཁྱེར་གྱིས་བསྐྲུན་པའི་སྐྱེ་ཁམས་དང་། སྤྲོ་གསེང་། ཆུའི་ཁོར་ཡུག་བཅས་ཁྱད་ཆོས་སུ་བྱས་པའི་ཀོང་པོའི་སྤྱི་གླིང་དེ་གྲོང་མི་ཚོའི་རྒྱུན་གཏན་གྱི་ངལ་གསོ་ཡུལ་ཞིག་ཏུ་གྱུར་ཡོད།

“འདས་ཟིན་པའི་ལོ་གཅིག་རིང་། ཉིང་ཁྲིས་མ་དངུལ་འབོར་ཆེན་བཏང་སྟེ་ཨར་འདམ་ལམ་བཟོ་བ་དང་། ལམ་སྒྲོན་བསྒར་བ། གྲོང་ཁྱེར་གྱི་རྣམ་པ་སྔོ་འགྱུར་སོགས་སྤྱི་པའི་སྒྲིག་བཀོད་ཞབས་ཞུ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས་གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་ཕྱིན་ནས་གྲོང་མིའི་སྐྱིད་སྣང་དེ་བས་ཆེ་རུ་ཕྱིན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་གྲོང་ཁྱེར་དོ་དམ་སྡེ་ཚན་གྱི་ལས་དོན་མི་སྣས་གསར་འགོད་པར་བཤད།

དེ་བས་བདེ་འཇགས་ལྡན་པའི་སྐྱེ་ཁམས་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་བསྐྲུན་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཆའི་བར་མཐོངས་སྦྲེལ་མཐུད་དང་དོ་དམ་ཚོད་འཛིན་ལ་སྐུལ་འདེད་གང་མགྱོགས་བཏང་ནས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ལག་བསྟར་གྱི་ལྟ་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་ས་ཆའི་བར་མཐོངས་དོ་དམ་གྱི་ལས་རྗེས་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་རེད། ཉང་ཆུ་གཙང་པོ་དང་ཡར་ཀླུང་གཙང་པོའི་ཉིང་ཁྲི་དུམ་བུ་སོགས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་རྣམ་གྲངས་གལ་ཆེན་འཆར་འགོད་ལག་བསྟར་ཡག་པོ་བྱས་པ་རེད། དེ་དང་ཆབས་ཅིག་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་རྒྱུན་རྣམ་ཅན་གྱི་ཆུ་སྐོར་མཚོ་སྐོར་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཆུའི་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་དགུང་ཨ་སྔོན་དང་། སྤྲིན་དཀར་པོ། སྔོ་ལྗང་རྩི་ཤིང་བཅས་ཉིང་ཁྲི་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།

སྐྱེ་ཁམས་ཀྱི་ཕན་འབྲས་མཉམ་སྤྱོད་བྱེད་པ།

མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་ཡ་གདུང་གྲོང་ཚོར་དེ་སྔ་རང་བྱུང་ཆ་རྐྱེན་ཞན་པ་དང་། ཐོན་སྐྱེད་རྒྱུ་ཆ་དཀོན་པ། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱིས་རྐྱེན་པས་གྲོང་མིའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད། ཉེ་བའི་ལོ་ཤས་རིང་། མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དང་དེ་བཞིན་ས་གནས་དེ་གའི་འཕྲིན་གཏོང་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཆབས་ཅིག སྐྱེ་ཁམས་ཡུལ་སྐོར་ཡང་ས་གནས་དེ་གར་དར་འགོ་ཚུགས་ཡོད། གྲོང་མི་ཆོས་སྒྲོན་གྱིས་གོ་སྐབས་དེར་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་གཉེར་ཞིང་། ད་ཆ་ཁོ་མོའི་ཁྱིམ་གྱི་ལོ་རེའི་ཡོང་འབབ་དེ་སྔའི་སྒོར་ཁྲི་མ་ལོན་པ་ནས་ད་ཆའི་སྒོར་ཁྲི་20ལྷག་ཙམ་བར་མང་དུ་ཕྱིན་ཡོད། “སྐྱེ་ཁམས་ཡུལ་སྐོར་དར་བ་ལས་ང་ཚོའི་ཁྱིམ་ཚང་གི་གནམ་ཆུ་སྒུག་པའི་འཚོ་བ་མཇུག་འགྲིལ་ནས་ཉིན་རེ་ལས་མ་འདས་པར་ཕྱུག་པོའི་ལམ་དུ་སྐྱོད་བཞིན་་ཡོད”ཅེས་ཆོས་སྒྲོན་གྱིས་བཤད།

སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལས་ཕན་པ་ཐོབ་མཁན་ནི་ཡ་གདུང་གྲོང་ཚོའི་གྲོང་མི་ཁོ་ན་མིན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གནམ་ཐང་རྒྱ་བསྐྱེད་དང་། ལྷ་ཉིང་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་བྱུང་བ། ལྷ་ཉིང་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་ཆབས་ཅིག ཉིང་ཁྲིའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་འཇུར་མིག་གནད་དོན་སྔར་བས་ཐག་གཅོད་ཐུབ་ནས་དེ་སྔའི་གྲོང་ཚོ་དབུལ་པོ་མང་པོ་ཞིག་འབྱོར་འབྲིང་ལམ་བུར་བསྐྱོད་ཡོད།

ས་བབ་དམའ་བ་དང་། གནམ་གཤིས་ཡག་པ། སྐྱེ་ཁམས་ལེགས་པ། ཐོན་ཁུངས་འབེལ་བ་བཅས་ཀྱི་ཉིང་ཁྲིར་མ་གཞི་ནས་ནགས་ཁྲོད་ཐོན་ཁུངས་འཕེལ་རྒྱས་གཏོང་བའི་ལེགས་ཆ་ལྡན་ཡོད་ཅིང་། ད་ཆ་སྐྱེ་ཁམས་ཅན་གྱི་ཐོན་སྐྱེད་ལམ་བུ་བརྒྱུད་ཇ་ལོ་དང་། ཤིང་འབྲས། སྔོ་ཚལ་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཡིད་འོང་གི་ཇ་ལོ་དང་། སྨན་གླིང་གི་ཀུ་ཤུ། རྫ་ཡུལ་གྱི་སྤྲེལ་ཁམ། བྲག་ཡིབ་ཀྱི་སྔོ་ཚལ་སོགས་ཉིང་ཁྲིའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་སོང་ཡོད། མིག་སྔའི་བར། ཉིང་ཁྲིས་རིམ་རྩིས་བྱས་ན་ཁྱད་ལྡན་འབྲས་ཤིང་མུའུ་ཁྲི་28.1དང་། སྔོ་ཚལ་མུའུ་ཁྲི་3.9 བོད་སྨན་སྨན་རྒྱུ་མུའུ་ཁྲི་1.6ལྷག་ཙམ་བཅས་བཏབ་ཡོད་པ་རེད།

ད་ཆའི་ཉིང་ཁྲིར་རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པ་དང་། ལྗང་མདོག་འཕེལ་རྒྱས་ལ་གསོན་ཤུགས་ཀྱིས་ཁེངས་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཡོད། ལྗང་མདོག་དང་། འཁོར་རྒྱུག ཐཱན་ཉུང་བཅས་ནི་འཕེལ་རྒྱས་ཀྱི་རྒྱུན་རྣམ་དུ་གྱུར་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།