ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་བཞི་པའི་ཉིང་ཁྲིར་ཁམ་བུའི་མེ་ཏོག་རབ་ཏུ་བཞད། བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲི་གྲོང་ཁྱེར་དུ་རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་བཀྲག་མདངས་འཚེར་ཞིང་། ཨ་སྔོན་དང་གངས་རིའི་རྒྱན་སྤྲོས་འོག་ཚོན་མདོག་རྣམ་པར་བཀྲ་བའི་མི་ཡུལ་གྱི་ཞིང་ཁམས་ཤིག་ཆགས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བྱས་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཉེ་བའི་ལོ་ཤས་རིང་གི་ཉིང་ཁྲིའི་འཕེལ་རྒྱས་ལ་བལྟས་ན། ཕྱོགས་གཅིག་ནས་སྐྱེ་ཁམས་སྲུང་སྐྱོང་ཤུགས་ཆེན་བྱས་ཏེ་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་འཛུགས་གཏོད་ཧུར་ཐག་བྱས་ནས་མཁའ་རླུང་གི་སྤུས་ཚད་རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁྲོད་ལོ་4བསྟུད་མར་ཨང་དང་པོ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་མང་ཚོགས་དེ་བས་མང་བ་སྐྱེ་ཁམས་ལམ་བུའི་ཐོག་བསྐྱོད་དེ་སྐྱེ་ཁམས་ནས་འཚོ་རྟེན་རག་པ་མ་ཟད། ད་དུང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དེ་རིམ་བཞིན་ཉིང་ཁྲིའི་རྒྱ་ཆེའི་ཞིང་འབྲོག་པས་སྤོབས་པ་སྐྱེ་འོས་པའི“བདེ་སྐྱིད་ལྡན་པའི་འགྱུར་མེད་རྒྱུ་ནོར”ལ་གྱུར་ཡོད།

སྐྱེ་ཁམས་ཅན་གྱི་ཐོན་སྐྱེད།

རྒྱལ་ལམ་318འགྲམ་གྱི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་ཐང་ཤིང་གི་ལོ་མ་སྟུག་པོ་ས་ལ་ཟགས་ཡོད། ས་ལ་ཟགས་པའི་ཐང་ཤིང་གི་ལོ་མའི་ཤུལ་འདེད་ནས་ནགས་ཚལ་ཁྲོད་དུ་བསྐྱོད་ཚེ། ས་སྟེང་དུ་ཚོན་མདོག་སྔོ་སེར་དམར་གསུམ་བཙུགས་པའི་བྱང་བུ་མང་པོ་ཞིག་འཕྲལ་མར་མིག་ལམ་དུ་འཆར། 

གསར་འགོད་པས་བྱང་བུ་དེ་ཚོ་གང་ཡིན་ནམ་སྙམ་པའི་མཚམས་སུ“སྡོང་ཕུང་འབུམ་རམས་པ”ཆིའུ་ཆོན་ལེ་ཡིས་བྱང་བུ་དེ་ཚོའི་འོག་ཏུ“ནོར་བུ”སྦས་ཡོད་ཅེས་འཛུམ་དམུལ་དམུལ་ངང་བརྗོད་བྱུང་།

ཆིའུ་ཆོན་ལེ་ནི་སྤོ་བོ་རྫོང་ས་མཐོའི་སྡོང་ཕུང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་རེད། ཁོང་གིས་བྱང་བུ་ཞིག་བཀོག་ནས་ཐང་ཤིང་གི་ལོ་མ་དལ་བུར་ཕྱགས་ཏེ་གཟབ་ནན་གྱིས་འདྲུས་རྗེས། སྡོང་ཕུང་ཆུང་ཆུང་ཁ་ཤས་མིག་ལམ་དུ་མངོན། “སྡོང་ཕུང་5པོ་དེ་དག་ལ་རྒྱ་མ་གཉིས་ལྷག་ཙམ་ཡོད་བཟོ་འདུག ཁྲོམ་རའི་རིན་གོང་སྤྱིར་ན་སྒོར་400ཡན་ཟིན་གྱི་ཡོད། ཡུལ་གཞན་གྱི་སྡོང་ཕུང་དང་བསྡུར་ན། སྤོ་བོའི་སྡོང་ཕུང་ས་མཐོར་སྐྱེས་པའི་དབང་གིས་སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་ཡུལ་གཞན་ལས་ལྷག་པ་ཡོད། དེར་བརྟེན་དེ་གའི་སྡོང་ཕུང་གི་སྤུས་ཚད་དེ་བས་ལེགས་ནའང་ཐོན་འབབ་དམའ་ཙམ་ཡོད”ཅེས་ཆིའུ་ཆོན་ལེ་ཡིས་བརྗོད་བྱུང་། སྤོ་བོའི་སྡོང་ཕུང་སྤུས་ཀ་དག་ཀྱང་དེའི་ཐོན་ལས་ལ་ཁྲོམ་རར་འགྲན་རྩོད་བྱེད་པའི་ཚད་བརྒལ་བྱེད་ས་སྔར་བཞིན་རྙེད་མེད།

ཆིའུ་ཆོན་ལེ་ཡིས་མི་ཚང་མས་ཉིང་ཁྲིའི་སྐྱེ་ཁམས་ལེགས་པོ་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་སྐྱེ་ཁམས་ལེགས་པོ་ལས་བྱུང་བའི་ཐོན་རྫས་ཀྱི་རིན་ཐང་འཛད་སྤྱོད་པས་ཇི་ལྟར་རྟོགས་ཐུབ་པ་བྱེད་དགོས་སམ། སྐྱེ་ཁམས་སྤུས་རྟགས་འདི་ཇི་ལྟར་གཏོད་དགོས་མིན་མ་ཤེས་པའི་སྐབས་སུ། སྤོ་བོ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཙོའུ་ཡུང་ཀང་གིས་ཐབས་ཤེས་ཤིག་བཏོན་པ་སྟེ། “ཁེ་ལས་དེ་ང་ཚོས་རྟོག་ཞིབ་བྱས་ནས་ནང་འདྲེན་བྱས་པ་ཞིག་རེད། ང་ཚོར་ཁེ་ལས་དེར་རོགས་རམ་བྱེད་པའི་འགན་འཁྲི་ཡོད”ཅེས་2021ལོའི་ཟླ་4པར་ཀོང་ཀྲོའུ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་དང“ཅིང་ཏུང་ཞིང་ར”ཚོགས་པ་དབར་རྣམ་གྲངས་མཉམ་ལས་བྱས་ཏེ“ཅིང་ཏུང་ཞིང་རའི”དཔེ་སྟོན་རྟེན་གཞི་གཏོད་རྒྱུ་འགོ་འཛུགས་སར་བྱས་ནས་བོད་ཀྱི་སྡོང་ཕུང་འདེབས་འཛུགས་བྱེད་པ་ནས་མཛོད་ཉར་དང་། སྡེབ་སྐྱེལ། སྤུས་ཚད་ཁུངས་འདེད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཆ་འཕྲིན་ཅན་གྱི་དོ་དམ་བྱས་ཡོད།

ད་ཆ་ཆིའུ་ཆོན་ལེ་ཡི་སྤོ་བོའི་སྡོང་ཕུང་འདེབས་འཛུགས་རྟེན་གཞིར་ཟོག་སྦྲེལ་དྲ་རྒྱའི་ཚོར་ཆས་མང་པོ་སྒྲིག་སྦྱོར་བྱས་ཡོད། དེས་དྲོད་ཚད་དང་གཤེར་ཚད་སོགས་ཀྱི་ཆ་འཕྲིན་ལ་སྲུང་སྐར་གྱིས་ལྟ་ཞིབ་ཚད་ལེན་དང་རྒྱང་རིང་ལྟ་ཞིབ་ཚད་ལེན་ཐུབ་པ་མ་ཟད། ད་དུང་དྲ་ཐོག་གི་རིག་ནུས་དོ་དམ་ཚོད་འཛིན་མ་ལག་གིས་གྲངས་གཞི་དབྱེ་ཞིབ་དང་། རིག་ནུས་ཐབས་འདོན། སྡོང་ཕུང་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལ་མཛུབ་ཁྲིད་བཅས་ཀྱང་ཐུབ་ཀྱི་ཡོད།

ཐད་གཏོང་ཁང་ནང་ཆིའུ་ཆོན་ལེ་ཡིས་བརྙན་ཤེལ་གྱི་མདུན་དུ“ཅ་དངོས་རེར་ཨང་རྟགས་རེ་ཡོད་པས་བལྟས་པ་ཙམ་གྱིས་གསལ་པོ་རྟོགས་ཐུབ”སོགས་སྤོ་བོའི་སྡོང་ཕུང་གི་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཛད་སྤྱོད་པའི་མདུན་དུ་ཁ་གསལ་གཏིང་གསལ་གྱིས་བརྗོད་བཞིན་ཡོད།

སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཧུའུ་ཡིས་ཆིའུ་ཆོན་ལེ་འདྲ་བའི་ཚན་རྩལ་ཤེས་ལྡན་མི་སྣའི་སྐུལ་ཁྲིད་འོག་ཁྲབ་རྨོག་གྲོང་རྡལ་གྱི་སྡོང་ཕུང་འདེབས་ཁྱོན་མུའུ་1653ཟིན་ཡོད། བོད་ཀྱི་སྡོང་ཕུང་ཐོན་ལས་གླིང་གི“ཀུང་སི་དང་། ཚན་ཞིབ། ཁྲོམ་ར། ཆེད་ལས་འདེབས་འཛུགས་དུད་ཚང་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་འཁོར་འབྲེལ་རྣམ་པའང་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཉེ་འཁོར་གྱི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་365ལྷག་ཙམ་གཏོད་རོགས་བྱས་པ་དང་ཞིང་འབྲོག་མང་ཚོགས་མི་ཐེངས་3000ཙམ་ལ་ཕན་པ་ཐོབ་ཡོད།

“ད་ལྟ་ཉིན་རེར་གླ་ཆ་སྒོར་200ཡོད། དེའི་སྟེང་མུའུ་རེར་ཆ་སྙོམས་སྒོར་1100ཡོད་པའི་ས་ཞིང་བརྒྱུད་བཤུག་དངུལ་བསྡོམས་ན་ང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་ཁྲབ་རྨོག་གྲོང་རྡལ་འདོང་རོ་གྲོང་ཚོའི་གྲོང་མི་རྡོ་རྗེ་ཡེ་ཤེས་ཀྱིས་རྟེན་གཞིའི་ནགས་རའི་ནང་སྡོང་ཕུང་འཐུ་བཞིན་དེ་ལྟར་བརྗོད་བྱུང་།

ལྗང་མདོག་འཚོ་བ།

བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་ཞིག་མངོན་པ་སྟེ། ཞིང་ནང་དུ་པད་ཁའི་མེ་ཏོག་རབ་ཏུ་བཞད་ཡོད་ལ། གྲོང་ཚོའི་ཉེ་འགྲམ་དུའང་ཁམ་བུའི་མེ་ཏོག་ཁྲ་ཐིང་ངེར་བཞད་པ་སོགས་དང་། གྲོང་མི་ཚོ་ནི་མཛེས་ལྗོངས་ཁུལ་ལ་མཛེས་རྒྱན་དང་། དམངས་སྲོལ་གནས་ཚང་བསྡུ་གསོག་རྒྱག་པ། ཁྲོམ་གཞུང་གཙང་སྦྲ་བཅས་བྱས་ནས་ཡུལ་སྐོར་བར་བསུ་བ་ཞུ་བཞིན་ཡོད།

ཀ་ལ་གྲོང་ཚོར་མུའུ་བརྒྱའི་རི་སྐྱེས་ཁམ་སྡོང་ཡོད་པས་ལོ་ལྟར་གྱི་དཔྱིད་དུས་སུ་ཁམ་བུའི་མེ་ཏོག་ཁྲ་ཐིང་ངེར་བཞད་པས་གནས་དེར“ཁམ་བུའི་མེ་ཏོག་གི་གྲོང་ཚོ”ཞེས་ཀྱང་བརྗོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ལམ་318ཀྱི་འགྲམ་དུ་གནས་པའི་ལེགས་ཆ་དང་གང་སར་ཁྱབ་པའི་ཁམ་བུའི་མེ་ཏོག་གི་ཐོན་ཁུངས་ལ་བརྟེན་ནས་དཀར་ལ་གྲོང་ཚོས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས“ང་ཚོའི་འཚོ་བའི་ཁོར་ཡུག་ཡག་པོ་ཡོད་པ་མ་ཟད། འཚོ་བའི་ཆུ་ཚད་ཀྱང་དེ་བས་ཡག་པོ་ཡོད”ཅེས་དགའ་ཚོར་ཆེན་པོས་བརྗོད།

ཀ་ལ་གྲོང་ཚོས་2002ལོ་ནས་བཟུང་ལོ་ལྟར“ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན”གཉེར་ཞིང་། “ཁམ་བུའི་མེ་ཏོག་དུས་ཆེན”གྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ཞིག་ཡིན་པའི་ཀ་ལ་གྲོང་ཚོས་2021ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་14ལ་སྣེ་ལེན་ཞུས་ནས་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་460ལྷག་ཙམ་བྱུང་བ་དང་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་10ཙམ་བགོས་ཡོད། གྲོང་མིའི་ཡོང་འབབ་ཀྱང་2015ལོའི་མི་རེའི་ཆ་སྙོམས་སྒོར་ཁྲི་1.3ནས་ད་ཆའི་སྒོར་ཁྲི་3.5ལྷག་ཙམ་བར་མང་དུ་ཕྱིན་ཡོད།

མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོ་ནི་ཡར་ཀླུང་གཙང་འགྲམ་དུ་གནས་པའི་མོན་པ་རིགས་ཀྱི་གྲོང་ཚོ་ཞིག་རེད། དགྱེ་གླིང་ཐར་པ་རི་སྟེང་ནས་ཕྱོགས་བཞིར་ལྟ་སྐབས། རྒྱང་རིང་དུ་གནས་པའི་རི་བོ་གནམ་ལྕགས་འབར་བར་སྨུག་སྤྲིན་ལང་ལོང་དུ་འཁྲིགས་ཤིང་། རྡོ་གཞོང་ལ་དང་། བདེ་ཡངས་ལ། ཀླུ་ཞར་ལ་སོགས་རི་བོ་བང་རིམ་སྟར་ཆགས་མང་པོ་མཐོང་རྒྱུ་ཡོད་པ་དེ་དག་མཛེས་སྡུག་ལྡན་ལ་རབ་ཏུ་བཞད་པའི་མེ་ཏོག་པད་མས་ཕྱོགས་བཞི་བསྐོར་བ་དང་གཉིས་སུ་མ་མཆིས།

གྲོང་ཚོའི་ཕྱི་རོལ་གྱི་རི་ལྡེབས་སུ་གནས་པའི་སྐས་ཞིང་ཐོག་སྔོ་མདངས་རྒྱས་པའི་ཇ་ཞིང་ར་བ་ཡོད་ཅིང་། དྭངས་གསལ་དུས་ཚིགས་འཆར་ཉེར་ཡོད་པས་གྲོང་མི་ཚོས་ཇ་མ་བཏུས་གོང་གི་གྲ་སྒྲིག་བྱེད་ཀྱིན་དུས་ཚོད་དམ་འཛིན་གྱིས་རི་ལམ་ཉམས་གསོ་བྱེད་བཞིན་ཡོད་པ་དང་། རི་སྟེང་གི་ལྗོངས་གཟིགས་སྒང་ཡང་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད།

གྲོང་ཚོར་ཁམ་བུའི་མེ་ཏོག་ཁྲ་ཐིང་ངེར་བཞད་པས་སྡོད་ཁང་དག་ཀྱང་དེ་བས་མཛེས་ཉམས་དོད་པར་གྱུར་ཅིང་། ལོ་57ལ་སླེབས་པའི་ཚེ་མཆོག་སྒྲོལ་མས“སྐྱེ་ཁམས་ལས་འབྱུང་བའི་ཕན་པ”མྱོང་བཞིན་མཆིས། ན་ནིང་ཁོང་གིས་རང་ཁྱིམ་གྱི་ཁང་པ་སྟོང་པ་དག་ཁྱིམ་ཚང་མགྲོན་ཁང་བཟོས་པ་དང་འདི་ལོ་ལས་འགོ་བཙུགས་ནས་ཟླ་གཉིས་ཀྱང་མ་སོང་བར་གྲོང་ཚོ་དེའི་མིང་གྲགས་ལ་བརྟེན་ནས་ཡུལ་སྐོར་དུ་ཡོང་མཁན་ས་གནས་ཁག་གི་ཡུལ་སྐོར་བ་མི་ཉུང་བ་ཞིག་ལ་སྣེ་ལེན་ཞུས་ཡོད།

དགྱེ་གླིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཧོང་ཅ་པིན་གྱིས“ཁང་མིག་གཅིག་ལ་སྒོར་260རེད། དེ་ཡང་ཉིན་བཅུའམ་ཡང་ན་ཟླ་ཕྱེད་གོང་ནས་སྔོན་མངགས་བྱེད་དགོས”ཞེས་བརྗོད་པ་དང་། ཁོང་གིས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལེགས་སུ་སོང་སྐབས“གྲོང་ཚོར་སླར་ཡང་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ངེས་རེད”ཅེས་བརྗོད།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས་2021ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་1000ལས་བརྒལ་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་83ལྷག་ཙམ་བྱུང་ཡོད་པ་རེད།

སྤུས་ལེགས་ཅན་གྱི་སྐྱེ་ཁམས།

རྒྱལ་མོ་རྔུལ་ཆུའི་གྲོག་རོང་དུ་དབྱིབས་མི་འདྲ་བའི་བྲག་རྡོ་མང་བ་དང་གུ་དོག་ཅིང་རིང་བའི་སྐམ་ཤས་ཆེ་ཁུལ་དེར་མིག་གི་མཐོང་ཆོས་སུ་སྐྱ་ཐིང་ཐིང་ཡིན་པ་ལས་སྔོ་ལྗང་རྩི་ཤིང་ཧ་ལམ་མཐོང་རྒྱུ་མེད། ཡིན་ནའང་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་རི་བོ་མང་པོའི་ལྡེབས་སུ་ཡུག་སྦྲེལ་གྱི་མེ་ཏོག་དབང་ལག་དང་སེ་འབྲུའི་སྡོང་པོ་མཐོང་རྒྱུ་ཡོད་པ་དག་ལས་གྲོག་རོང་དེར་གསོན་ཤུགས་མི་ཉུང་བ་ཞིག་སྦྱིན་ཡོད།

མེ་ཏོག་དབང་ལག་ནི་རང་བྱུང་དུ་སྐྱེ་བ་ཞིག་ཡིན་པ་དང་དུས་ཡུན་རིང་པོ་སོང་རྗེས་སྡོང་པོར་གྱུར་གྱི་ཡོད། “ང་ཚོ་དེ་གར་མེ་ཏོག་དབང་ལག་གི་ནགས་ཚལ་ཆགས་པ་དང་ད་ཆ་ཡུན་ནན་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་ཞིག་གིས་མེ་ཏོག་དབང་ལག་གི་ནགས་ཚལ་འགྲམ་དུ་པར་རྒྱག་པར་འགྲོ་གི་ཡོད”ཅེས་ཚ་བ་རོང་ཤང་བཙོག་བུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རིན་ཆེན་ཚེ་རིང་གིས་སྤོབས་པ་ཆེན་པོས་བརྗོད།

སེ་འབྲུའི་སྡོང་པོ་ནི་ཉེ་བའི་ལོ་འགའི་ནང་བཙུགས་པ་ཞིག་ཡིན་ཞིང་། རྫ་ཡུལ་རྫོང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་མིང་ཅུན་གྱིས། དེ་སྔ་གྲོང་མིས་ཁང་པའི་རྒྱབ་མདུན་དུ་སེ་འབྲུ་བཏབ་པ་དང་2018ལོ་ནས་བཟུང་ཤང་གིས་དབུལ་སྒྲོལ་འགག་སྒྲོལ་དང་སྐྱེ་ཁམས་སླར་གསོ་ཟུང་འབྲེལ་བྱས་ཏེ་དམིགས་བསལ་ཁྱད་ཆོས་ལྡན་པའི་སེ་འབྲུ་འདེབས་འཛུགས་རྟེན་གཞི་རིམ་བཞིན་བཏོད་ཡོད། ད་ཆ་སེ་འབྲུའི་སྡོང་རྐང་ཁྲི་28.91དང་རྒྱ་ཁྱོན་མུའུ་6400ལྷག་ཙམ་བཏབ་པ་དང་། སེ་འབྲུ་སྨིན་སྐབས་སྔོན་དཔག་བྱས་ན་སྤྱིའི་ཐོན་ཚད་ཏུན་3000དང་ཐོན་རྫས་རིན་ཐང་སྒོར་ཁྲི་3690ཟིན་ནས་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་5700ཙམ་མང་དུ་འགྲོ་བཟོ་ཡོད་ཅེས་བརྗོད།

འདི་ལོ་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་2ཡན་ལེགས་སྒྲུབ་བྱ་རྩིས་ཡོད་པའི་ནང་གཙོ་གནད་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ཁྲོད་ནགས་བཟོ་མུའུ་ཁྲི་1.55ཡན་བྱ་རྩིས་ཡོད། སླད་ཕྱིན་ཉིང་ཁྲིས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་སླར་གསོ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། གཙང་པོ་དང་ཆུ་བོ་འདྲེས་མཚམས་ཀྱི་རི་བོའི་སྐྱེ་ཁམས་སླར་གསོ་སོགས་སྐྱེ་ཁམས་སླར་གསོའི་ནགས་བཟོའི་འདུ་འགོད་ཁག་གཅིག་ལག་བསྟར་བྱས་ཏེ་སྐྱེ་ཁམས་མ་ལག་གི་སྤུས་ཚད་ལེགས་སུ་དང་བརྟན་དུ་གཏོང་རྒྱུ་རེད།

“སྐྱེ་ཁམས་ནི་ཉིང་ཁྲིའི་ཐོན་ཁུངས་ཆེ་ཤོས་དང་། ལེགས་ཆ་ཆེ་ཤོས། བཀྲག་མདངས་འཚེར་ཤོས་བཅས་ཡིན། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ང་ཚོར་མི་མངོན་པའི་སྟོབས་ཤུགས་ལྡན་ལ་དེ་བས་ལེགས་ཆའང་ལྡན་ཡོད”ཅེས་འཚོགས་ནས་ཡུན་རིང་མ་སོང་བའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་ཡིད་ཆེས་ཆེན་པོས་དེ་ལྟར་བརྗོད།

ལག་ལེན་དངོས་ལས། འདི་གའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཀླུང་ཐམས་ཅད་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་རྨང་གཞིར་འཛིན་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་བསྟར་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཚེ། ཉིང་ཁྲིའི་ཁོར་ཡུག་གཞི་ནས་དེ་བས་མཛེས་སྡུག་ལྡན་པ་དང་། ཉིང་ཁྲིའི་མང་ཚོགས་གཞི་ནས་དེ་བས་བདེ་སྐྱིད་ལྡན་པ་འགྱུར་ངེས་ཡིན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་ཚེ། གཞི་ནས་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་ཐུབ་ངེས་ཡིན་པ་ར་སྤྲོད་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།