ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱིི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ་བོད་ཀྱི་ཞིང་འབྲོག་ཁུལ་ལ་དེ་བས་མང་ལ་ཡག་པའི་གཞུང་ལམ་བསྐྲུན་རྒྱུར་གཞོལ་བ་དང་། དེ་བས་མང་བ་དང་དེ་བས་བདེ་འཇགས་ལྡན་ཞིང་སྐྱིད་སྣང་དོད་པའི་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་པ། དེ་བས་མྱུར་བ་དང་དེ་བས་སྟབས་བདེ་བའི་ཟོག་འགྲེམས་ཞབས་ཞུ་མཁོ་འདོན་བྱས་པས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”དེ་བོད་ཀྱི་གྲོང་གསེབ་དར་རྒྱས་ལ“ཕན་སྐུལ་གཏོང་ཆས”ནུས་ལྡན་དུ་གྱུར་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་འགྲིམ་འགྲུལ་འཕེལ་རྒྱས་ཁྲོད་ཀྱི་སྐྱིད་སྣང་དང་བདེ་འཇགས་ཚོར་སེམས་དེ་བས་ཆེ་རུ་སོང་ཡོད།

གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ། 

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་རྡོ་རགས་གྲོང་ཚོའི་ཡུག་འབྲེལ་སྔོ་ཚལ་དྲོད་ཁང་ནང་འབྲི་ཏ་ས་འཛིན་གྱི་འབྲས་བུ་བཏགས་པ་དང་། ཞོག་ཁོག་གི་ལོ་མར་མེ་ཏོག་བཞད་པ། གྲོང་མིས་དྲོད་ཁང་ནང་ངལ་རྩོལ་བྱེད་པ་སོགས་མཐོང་རྒྱུ་ཡོད། “ཉེ་དུས་གཟའ་འཁོར་རེར་སྒོར་2000ཙམ་ཟིན་པའི་འབྲི་ཏ་ས་འཛིན་ཚོང་ཐུབ་ཀྱི་འདུག གྲོང་གསེབ་གཞུང་ལམ་སྒོ་འགྲམ་བར་བསྐྲུན་པས་རླངས་འཁོར་བཏང་ཕྱིན་སྐར་མ་ཁ་ཤས་ནས་རྒྱལ་ལམ་ཐོག་སླེབས་པ་དང་ཆུ་ཚོད་ཕྱེད་ཀ་ཙམ་ལ་ལྷོ་ཁ་གྲོང་ཁུལ་དུ་སླེབས་ཀྱི་ཡོད་པས་འབྲི་ཏ་ས་འཛིན་རུལ་ཚད་ཉུང་དུ་ཕྱིན་པ་མ་ཟད། ལམ་བརྒྱུད་ཀྱི་ཡུལ་སྐོར་བ་དང་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་མི་འབྲི་ཏ་ས་འཛིན་འཐོག་པར་ཡོང་རྒྱུའི་ཡིད་དབང་ཡང་བཀུག་ཡོད། དེར་བརྟེན་ང་ཚོའི་ཐོན་རྫས་བྲིན་ཁ་རྒྱུག་ཏུ་ཕྱིན་ཡོད”ཅེས་གྲོང་མི་པ་སངས་ཚེ་རིང་གིས་བརྗོད་བྱུང་།

སྐྱེད་པ་ཤང་གི་ཤང་ཀྲང་གཞོན་པ་ལིའུ་ཡུས་ཙེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་རྡོ་རགས་གྲོང་ཚོའི་ཞིང་ལས་ཐོན་ལས་གླིང་དུ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་ལམ་རྒྱུད་དུ་སྔོ་འགྱུར་མཛེས་བཟོ་བྱས་པས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། འགྲིམ་འགྲུལ་སྟབས་བདེ་བ་དང་ས་ཁོངས་ཀྱི་ཁྱད་ཆོས་ཡག་པོ་ཡོད་པར་བརྟེན་ཁེ་ལས་མི་ཉུང་བ་ཞིག་ཞིང་ལས་ཐོན་ལས་ལ་མ་འཇོག་བྱེད་པར་སླེབས་ཡོད། གྲོང་ཚོ་བར་གཞུང་ལམ་བསྐྲུན་པ་དང་ཐོན་རྫས་གྲོང་ཚོ་ནས་ཕྱིར་ཚོང་ཐུབ་པས་རྡོ་རགས་གྲོང་ཚོའི་མང་ཚོགས་ལ་དངོས་ཕན་ཐོབ་ཡོད།

མིག་སྔར་སྐྱེད་པ་ཤང་གི་སྲིད་འཛིན་གྲོང་ཚོ་དྲུག་གི་དུད་ཚང་1277གྱི་གྲོང་མི་4300ལྷག་ཙམ་གྱིས་དྲོད་ཁང་79གཉེར་སྐྱོང་བྱས་ཡོད། དྲོད་ཁང་དེ་ཚོའི་ནང་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་ལྔ་དྲུག་ཙམ་བཏབ་ཡོད། དྲོད་ཁང་རེ་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་གཉིས་ནས་གསུམ་བར་རག་པ་དང་ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་ཀྱི་གསུམ་ཆ་གཅིག་ཙམ་ཟིན་གྱི་ཡོད།

གྲོང་མི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ།

དཔྱིད་ཀ་ཤར་མ་ཐག ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་རྫོང་ལམ་102དང་། 104 105ཉམས་བཟོ་བྱས་ཡོད། ལས་འགོ་ཚུགས་མ་ཐག་ལམ་རྒྱུད་ཀྱི་གྲོང་མི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་རག་ཡོད།

གཞུང་ལམ་ཉམས་བཟོ་བྱ་ཡུལ་དུ་ལས་ཀ་བྱེད་བཞིན་པའི་པད་སྡེ་གྲོང་ཚོའི་གྲོང་མི་དར་རྒྱས་ཚེ་རིང་གིས་གསར་འགོད་པར་ང་དང་འདྲ་བའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ནང་ལས་ཀ་བྱེད་མཁན་གྲོང་མི་མང་པོ་ཡོད། ཟླ་བ་རེར་ཡོང་འབབ་སྒོར་དྲུག་སྟོང་བདུན་སྟོང་ཡོད་པ་ཕུད། ད་དུང་ཐག་རིང་པོར་འགྲོ་མི་དགོས་པར་ཞོར་ལ་ནང་མིར་ལྟ་རྟོག་བྱེད་ཐུབ་ཀྱི་འདུག་ཅེས་བརྗོད་བྱུང་།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ཏེ་སྒོར་ཁྲི་400མན་གྱི་སྲིད་གཞུང་མ་འཇོག་རྣམ་གྲངས་དག་འོས་ཐོབ་ཡོད་པའི་ས་གནས་དེ་གའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་ལ་སྤྲད་པ་དང་ཆབས་ཅིག ཨར་ལས་མི་སྣའི་ཁྲོད་80%ཡན་ཞིང་འབྲོག་པ་ཡིན་དགོས་པའི་འགན་ལེན་ཡང་བྱས་པས་གྲོང་གསེབ་ཀྱི་མང་ཚོགས་ཚོ་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་པའི་ཧུར་སེམས་འཕེལ་བར་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་གྱི་གྲོང་མི་དབང་གྲགས་ཀྱི་འཚོ་རྟེན་ནི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཡིན་ཞིང་། ཉིང་ཁྲི་གྲོང་ཁྱེར་འགྲུལ་སྐྱེལ་བབས་ཚུགས་སུ་དབང་གྲགས་ཀྱིས་བྲག་ཡིབ་ཆུས་ནས་རྟ་ཐོག་ཁ་གྲོང་ཚོ་བར་གྱི་དུས་གཏན་རླངས་འཁོར་གཏོང་གི་ཡོད། 2015ལོར་འགན་གཙང་ལེན་མཁན་དང་ཁ་ལོ་བ་གཅིག་ལྕོགས་ཀྱི་ངོས་ནས་གྲོང་ཚོའི་དུས་གཏན་རླངས་འཁོར་འགན་གཙང་བླངས་ཚུན། ཟླ་རེར་ཡོང་འབབ་བརྟན་པོ་རག་ཡོད།

གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁ་གསབ་ཚད་གཞི་མཐོ་རུ་ཤུགས་ཆེན་བཏང་ཞིང་། མིག་སྔའི་བར་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་ཁྱོན་317ཤར་གཏོང་ཐུབ་པ་དང་། ལྗོངས་ཡོངས་ཀྱི་རྫོང(ཆུས)74ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། ཤང་དང་གྲོང་རྡལ་500(ཁྲོམ་གཞུང་དོན་གཅོད་ཁང་ཚུད་མེད)ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་73%ཟིན་པ། སྒྲིག་ཚུད་གྲོང་ཚོ་2259ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་43%ཟིན་ཡོད། འདི་ལོ་བོད་དུ་ད་དུང་ཤང་དང་གྲོང་རྡལ་5དང་སྲིད་འཛིན་གྲོང་ཚོ་111ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བྱེད་རྒྱུ་རེད།

གྲོང་གསེབ་གཞུང་ལམ་ལ་བདག་སྐྱོང་བྱེད་མཁན་ཆེད་ལས་དཔུང་ཁག་བཙུགས་པ།

མང་ཚོགས་ཀྱི་གཞུང་ལམ་མང་ཚོགས་ཀྱིས་བདག་སྐྱོང་བྱེད། ཆེད་ལས་ཀྱི་ལས་ཀ་ཆེད་བསྐོས་མི་སྣས་སྒྲུབ། གཞུང་ལམ་བསྐྲུན་པ་མ་ཟད་ད་དུང་བདག་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་གྲོང་གསེབ་དར་རྒྱས་ཆེད་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་འགན་ལེན་བྱེད་ཐུབ།

ལྷོ་ཁ་གྲོང་ཁྱེར་གྱི་ཐག་རིང་ལུང་ཁུག་ཏུ་གནས་པའི་མཚོ་སྣ་རྫོང་གིས་ཆེད་ལས་བདག་སྐྱོང་ཀུང་སི་བཙུགས་པ་བརྒྱུད་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ཁྲོམ་ར་ཅན་གྱི་ཕྱོགས་སུ་སྐུལ་འདེད་ཐེབས་ཡོད།

མཚོ་སྣ་རྫོང་བདག་སྐྱོང་ཀུང་སིའི་འགན་འཁུར་བ་ཕུར་བུ་བཀྲ་ཤིས་ཀྱིས“མིག་སྔར་ཀུང་སིར་ཆེད་ལས་བདག་སྐྱོང་འཕྲུལ་ཆས་སྣ་ཚོགས་74ཡོད་པ་དང་། ས་གནས་དེ་གའི་མང་ཚོགས་དང་སློབ་གྲྭ་ཆེ་མོ་བའི་ཁྲོད་ནས་ལས་བཟོ་70ལྷག་ཙམ་བསྡུས་ཏེ་དོ་དམ་དང་བདག་སྐྱོང་གི་ལས་གནས་བཀོད་སྒྲིག་བྱས་པ་ཡིན། ཀུང་སི་བཙུགས་རྗེས་རྫོང་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་སྤྱི་ལེ་876ལ་བདག་སྐྱོང་བྱས་པ་མ་ཟད། བདག་སྐྱོང་ས་ཚིགས་དྲུག་བཙུགས་ཏེ་ས་ཚིགས་རེར་མི་ལྔ་བཀོད་སྒྲིག་བྱས་ནས། དུས་རྒྱུན་སྐོར་གཡེང་དང་། བདག་སྐྱོང་། ཉེན་སེལ་ཤར་བགྲོད་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། མིག་སྔར་རྒྱུན་གཏན་རང་བཞིན་གྱི་བདག་སྐྱོང་བྱེད་ཚད་100%ཟིན་ཡོད”ཅེས་བརྗོད་བྱུང་།

རྒྱལ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཚོད་ལྟའི་ས་ཚིགས་ཤིག་ཡིན་པའི་ཆབ་མདོ་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་། མངའ་རིས་ས་ཁུལ་སྒར་རྫོང་བཅས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་བདག་སྐྱོང་ཆུ་ཚད་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་ཏེ་འཚོལ་ཞིབ་གཏིང་ཟབ་བྱས་ཤིང་། མིག་སྔར། ཆབ་མདོ་གྲོང་ཁྱེར་གྱིས“གྲོང་ཁྱེར་རིམ་པས་སྤྱི་འདོམས་བྱེད་པ་དང་། རྫོང(ཆུས)གིས་གཙོ་རྐང་བྱེད་པ། གྲོང་གསེབ་ཀྱིས་ཞིབ་ཕྲའི་ལས་དོན་སྒྲུབ་པ། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྲིད་འཛིན་གྲོང་ཚོའི་འགན་འཁུར་བ་གཙོ་བོས་ལམ་དཔོན་བྱེད་པའི”རིམ་གསུམ“ལམ་དཔོན་ལམ་ལུགས”རྫོང(ཆུས)11ཚང་མར་ཁྱབ་པར་བྱས་པ་དང་འབྲེལ། ལྗོངས་ཡོངས་སུ“དྲ་སྦྲེལ་+གྲོང་གསེབ་གཞུང་ལམ”ཆ་འཕྲིན་ཅན་གྱི་ལམ་དཔོན་ལམ་ལུགས་ཀྱི་རིག་ནུས་འགྲིམ་འགྲུལ་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལས་སྟེགས་ཐོག་མ་དེ་བཙུགས་ནས་དེང་རབས་ཆ་འཕྲིན་ཅན་གྱི་ལག་རྩལ་བརྒྱུད་གྲོང་གསེབ་གཞུང་ལམ་བདག་སྐྱོང་གི་དུས་རབས་གསར་པར་སླེབས་ཡོད།

“འགྲིམ་འགྲུལ་དང་སྦྲག་སྲིད”མཉམ་འདྲེས་འཕེལ་རྒྱས་ལས་འཚོ་བ་དེ་བས་སྟབས་བདེ་རུ་ཕྱིན་པ།

མྱུར་སྐྱེལ་དབྱེ་འབྱེད་ལས་སྟེགས་དང་། ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ། བསྐུར་མའི་བདེ་འཇགས་བཤེར་ཆས། “དྲ་ཐོག་མིང་ཅན”ལས་དོན་ཁང་སོགས་ཡོད་པའི་འདི་ཁུལ་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འགྲུལ་སྐྱེལ་བབས་ཚུགས་ནང་གི་འཕྱོངས་རྒྱས་རྫོང་གི་གྲོང་གསེབ་མྱུར་སྐྱེལ་བསྐུར་མ་ཁག་བགོས་སྡེབ་སྐྱེལ་ལྟེ་གནས་དང་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་རེད། ཟླ་4ཚེས་12ཉིན་ཡུལ་དེ་ནས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་བསྐུར་བའི་བསྐུར་མ་དག་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་གྱིས་ཚབ་སྐྱེལ་བྱེད་ཀྱི་ཡོད། དེ་ཐོག་ནས་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ“འགྲིམ་འགྲུལ་དང་སྦྲག་སྲིད”མཉམ་འདྲེས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་གོམ་པ་དང་པོ་སྤོས་པ་མཚོན་ཡོད།

“མང་ཚོགས་ཀྱིས་ལག་ཐོགས་ཁ་པར་བརྒྱུད་ཕྱིར་སྐྱོད་མི་དགོས་པར་སྟབས་བདེའི་མྱུར་སྐྱེལ་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་། ས་གནས་དེ་གའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་སྒོ་རྩིས་ཚོང་ཁང་ནས་ཚོང་ཐུབ་པ། འཕྱོངས་རྒྱས་དང་ཕྱི་ཕྱོགས་དབར་གྱི་འབྲེལ་ཐག་ཐུང་དུ་བཏང་བ། འཕྱོངས་རྒྱས་ཀྱི་དུད་ཚང་ཁྲི་སྟོང་མང་པོས་དེང་རབས་ཀྱི་འཚོ་བ་སྐྱེལ་ཐུབ་པ་བཅས་བྱུང་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་དབྱང་ཧྲའོ་ཧྭ་ཡིས་ངོ་སྤྲོད་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་གོམ་སྟབས་རྗེས་མར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། སྦྲག་སྲིད་མྱུར་སྐྱེལ། གྲོང་གསེབ་ཀྱི་ཟོག་འགྲེམས་སོགས་ཀྱི་ད་ཡོད་དྲ་རྒྱ་དང་སྐྱེལ་འདྲེན་ནུས་པའི་ཐོན་ཁུངས་མཉམ་སྤྱོད་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་། འགྲུལ་སྐྱེལ་དང་། ཟོག་འགྲེམས། སྦྲག་སྲིད་བཅས་ཀྱི་ཆ་འཕྲིན་མཉམ་སྤྱོད་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འགྲེམས། སྦྲག་སྲིད་བཅས་མཉམ་འདྲེས་གཏིང་ཟབ་དང་འཕེལ་རྒྱས་ཡོང་བར་བྱེད་རྒྱུ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།