ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། 2022ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བརྒྱབ་པའི་གྲུབ་འབྲས་ལ་གཞིགས་ན། དུས་ཚིགས་དང་པོར་ལྗོངས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་516.79ཟིན་པ་དེ་དུས་མཚུངས་ལས་6.4%འཕར་ཞིང་། དཔལ་འབྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་ནས“འགོ་ཚུགས་བརྟན་པོ”བྱུང་བ་རེད།

དུས་ཚིགས་དང་པོར་ཞིང་ལས་ཐོན་སྐྱེད་མུ་མཐུད་བརྟན་པོ་བྱུང་བ་དང་འབྲོག་ཟོག་ཐོན་ཚད་བརྟན་པོའི་ངང་མཐོ་རུ་སོང་ཞིང་། དུས་ཚིགས་དང་པོའི་དུས་མཇུག་བར། ལྗོངས་ཡོངས་ཀྱི་བ་ཕྱུགས་མགོ་གྲངས་ཁྲི་649.17ཟིན་པ་དེ་དུས་མཚུངས་ལས་4.8%འཕར་བ་དང་། ཕག་པ་མགོ་གྲངས་ཁྲི་49.59ཟིན་ནས་13.2%འཕར་བ། ཁྱིམ་བྱ་མགོ་གྲངས་ཁྲི་155.76ཟིན་ནས་15%འཕར་ཡོད། བཟོ་ལས་ཐོན་སྐྱེད་འཕར་ཚད་མགྱོགས་སུ་ཕྱིན་པ་དང་ཁེ་ལས་ཀྱི་གཉེར་སྐྱོང་གི་ཡོང་འབབ་མུ་མཐུད་འཕར་ཞིང་། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མའི་དུས་མཚུངས་ལས་17.6%འཕར་བ་དེ། ཟླ་དང་པོ་དང་གཉིས་པ་ལས་བརྒྱ་ཆའི་གྲངས་1.6མགྱོགས་སུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་དྲ་སྦྲེལ་གློག་ཁང་ནས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་21.88ཟིན་པ་དེ། ལོ་གོང་མའི་དུས་མཚུངས་ལས་29.6%འཕར་ཡོད། ཟླ་དང་པོ་དང་གཉིས་པར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་60.00ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་37.0%འཕར་ཡོད།

ཞབས་ཞུའི་ལས་རིགས་བརྟན་པོའི་ངང་འཕར་བ་དང་གཙོ་གནད་ལས་རིགས་འཕར་ཚད་ཅུང་མགྱོགས་པོ་བྱུང་ཞིང་། ཟླ་དང་པོ་དང་གཉིས་པར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་27.93ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་11.5%འཕར་ཡོད།

དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་188.18ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་3.9%འཕར་བ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11527ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.7%འཕར་བ། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་2376ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་12.3%འཕར་བ། ལྗོངས་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་གོང་མའི་དུས་མཚུངས་ལས་0.2%འཕར་ཡོད།

སྤྱི་ཡོངས་ནས་བལྟས་ཚེ་དུས་ཚིགས་དང་པོར་བོད་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་བྱུང་ནས་འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།