ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཁེ་སྤོགས་བགོས་པས་ངར་ཤུགས་འཕེལ། གྲོང་གསེབ་དར་རྒྱས་གཏོང་ལ་བརྩོན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— སྨན་གླིང་རྫོང་དྲིན་ཚོར་ཨར་སྐྲུན་རྒྱུ་ཆ་ཕྱིར་ཚོང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ཡངས་སུ་བཏང་བའི་སྐོར་བཀོད་པ།

ཉེ་ཆར་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་དྲིན་ཚོར་ཨར་སྐྲུན་རྒྱུ་ཆ་ཕྱིར་ཚོང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་སྨན་གླིང་གྲོང་ཚོའི་སྨན་གླིང་ཚོགས་ཆུང་དང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་ལ་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོགས་ཤིང་། ཚང་མའི་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་དང་སེམས་ནང་དགའ་སྤྲོ་རབ་ཏུ་འཁོལ།

ཁེ་སྤོགས་བགོ་བའི་ཚོགས་ཆེན་འགོ་མ་ཚུགས་གོང་གྲོང་མི་མི་ཉུང་བ་ཞིག་གིས་བྲེལ་འཚུབ་ངང་སྦག་སྦག་བཞོན་པ་དང་འཁོར་གསུམ་རྐང་འཁོར་བཞོན་ཏེ་སྔ་ས་ནས་གྲོང་ཚོའི་སྤྱི་ཁང་གི་སྒོ་འགྲམ་དུ་ཡོང་བ་དང་མི་གསུམ་རེ་བཞི་རེ་བྱས་ནས་ཉི་མ་སྲོ་ཞོར་དུ་ཡོང་འབབ་བགོ་བཤའི་སྐོར་གླེང་བཞིན་ཡོད་པ་རེད།

ཉིན་དགུང་ཆུ་ཚོད་12ཙམ་ལ་ཚོགས་ཆེན་འགོ་ཚུགས་པ་དང་ཚོགས་ཁང་ནང་མི་ཚོགས་ཀྱིས་ཁེངས། རི་ལྟར་སྤུངས་པའི་བརྒྱ་ལོར་གྱིས་ཀྲུའུ་ཞི་སྟེགས་བུ་ཁེངས་ཡོད་པ་རེད།

ཚོགས་འདུར་ཞུགས་མཁན་མང་ཚོགས་ཚང་མའི་རེ་སྒུག་ཟབ་མོའི་ཁྲོད་དྲིན་ཚོར་ཨར་སྐྲུན་རྒྱུ་ཆ་ཕྱིར་ཚོང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ལས་དོན་མི་སྣས་སྨན་གླིང་གྲོང་ཚོའི་ཚོགས་ཆུང་དང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་གི་མ་རྐང་ནང་ཞུགས་པའི་གྲོང་མིར་སྒོར་ཁྲི་206བགོས་པའི་ནང་སྨན་གླིང་གྲོང་ཚོའི་མ་རྐང་ནང་ཞུགས་པའི་གྲོང་མི་དུད་ཚང་78ལ་ཁེ་སྤོགས་སྒོར་ཁྲི་156བགོས་པ་དང་། དཔལ་སྡིངས་གྲོང་ཚོའི་མ་རྐང་ནང་ཞུགས་པའི་གྲོང་མི་དུད་ཚང་25ལ་ཁེ་སྤོགས་སྒོར་ཁྲི་50བགོས་པ་རེད།

གྲོང་མི་ཚོས་འཛུམ་མདངས་འཕྱུར་བཞིན་བང་བསྒྲིགས་ཏེ་ལས་དོན་མི་སྣའི་ལག་ནང་གི་དངུལ་ལོར་ལེན་ཞོར་དུ་གུས་འདུད་ཞུས་ཏེ“ཐུགས་རྗེ་ཆེ”ཡང་ཡང་ཞུས།

འདི་ལོ་ལོ་73ལ་སླེབས་པའི་ཨ་མ་རྒན་མོ་བསམ་གཏན་ལྷ་མོ་ནང་མིའི་ཚབ་ཏུ་ཁེ་སྤོགས་བགོ་ཡུལ་དུ་སླེབས་པ་དང་ཁོང་ལ་ཁེ་སྤོགས་སྒོར་ཁྲི་2ཐོབ་པ་རེད། ཁོང་གིས“ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་གྲོང་ཚོ་ནས་དོན་མི་དགོས་པར་ཕྱུག་འགྱུར་གྱི་གོ་སྐབས་ཡག་པོ་འདི་འདྲ་ཐོབ་བྱུང་། ང་ཚོའི་ཁྱིམ་ཚང་ཡང་ཕྱུག་པོ་དེ་ཙམ་མེད། སྒོར་ཁྲི་2དེ་ང་ཚོའི་ངོས་ནས་བརྗོད་ན་ཧ་ཅང་མང་པོ་རེད”ཅེས་བཤད།

དྲིན་ཚོར་ཨར་སྐྲུན་རྒྱུ་ཆ་ཕྱིར་ཚོང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཐོན་ལས་དང་ཐོན་ཁུངས་བསྡུ་སྒྲིལ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་གཏོད། མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་མང་ཚོགས་དང་། ལྷག་པར་དུ་དཀའ་ངལ་ཡོད་པའི་དུད་ཚང་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་ཡང་བཏང་བ་དང་ཞིང་དུད་ཀྱི་འབབ་འཕར་གྱི་ཐབས་ལམ་ཇེ་ཡངས་སུ་བཏང་ཡོད།

མཉམ་ལས་ཁང་བཙུགས་ནས་ཡུན་རིང་མ་འགོར་བར། སྨན་གླིང་གྲོང་རྡལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་མང་མཐུན་སྦྱོར་དང་དུད་ཚང་ཁག་ཏུ་ཧུར་ཐག་བསྐྱོད་པ་བརྒྱུད། མང་ཚོགས་རང་ཉིད་ཀྱིས་མ་དངུལ་གྲབས་གསོག་བྱེད་པའི་མ་དངུལ་བསྡུ་རུབ་བྱེད་སྟངས་ཤིག་ཆགས་པ་དང་སྦྲགས། ཆབ་སྲིད་ཐད་བློས་འཁེལ་བ་དང་། འཇོན་ཐང་འབུར་དུ་ཐོན་པ། འདུ་ཤེས་སྔོན་ཐོན་ཡིན་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་ཕྱུག་འགྱུར་འཇོན་ཐང་ཅན་དག་མཉམ་ལས་ཁང་གི་དོ་དམ་བྱེད་མཁན་དུ་བདམས་ནས། མཉམ་ལས་ཁང་གི་སྤྱི་ཡོངས་གཉེར་སྐྱོང་དང་དཔལ་འབྱོར་གསར་སྤེལ་བྱེད་འགན་འཁུར་དུ་བཅུག་པའི་ཁར་སྲིད་གཞུང་གིས་སྣེ་ཁྲིད་དང་མང་ཚོགས་ཀྱིས་གཙོ་ཁྲིད་བྱས་ནས་དོ་དམ་བྱེད་སྟངས་གསར་པ་བཏོད་པ་རེད།

2018ལོ་ནས་བཟུང་། མཉམ་ལས་ཁང་གི་འཁོར་རྒྱུག་མ་དངུལ་ཕུད་མ་རྐང་ནང་ཞུགས་མཁན་གྲོང་མི་ཚོར་ཐད་ཀར་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད། ཐོན་ལས་འཕེལ་རྒྱས་དང་ཐོན་ཁུངས་བསྡུ་སྒྲིལ་བཏང་ན་མཐར་ཕན་པ་ཐོབ་མཁན་ནི་མང་ཚོགས་ཡིན་ཞིང་། ཐོན་ལས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་འགྲོ་ལམ་ཐོག་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།

ཁེ་སྤོགས་བགོ་བཤའ་རྒྱག་པ་ལས་གཞན་ད་དུང་དྲིན་ཚོར་ཨར་སྐྲུན་རྒྱུ་ཆ་ཕྱིར་ཚོང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་སྨན་གླིང་གྲོང་ཚོར་ལས་ཞུགས་ལས་གནས(སྐྱེལ་འདྲེན་རླངས་འཁོར་རུ་ཁག)26མཁོ་འདོན་བྱས་ནས་2021ལོར་ཡོང་འབབ་བསྡོམས་སྒོར་ཁྲི་70ལྷག་རག་པ་དང་། ད་ཆ། སྨན་གླིང་གྲོང་ཚོའི་གྲོང་མི་ཚོ་མཉམ་སྡེབ་དཔལ་འབྱོར་གྱི་ཕན་པ་ཐོབ་མཁན་དུ་གྱུར་ནས་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་དེ་གྲོང་གསེབ་དར་རྒྱས་གཏོང་བའི་སྨན་གླིང་གི་བྱེད་སྟངས་མཉམ་དུ་གཏོད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།