ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་གྲོང་ཁྱེར་དང་ས་ཁུལ་དང་ལྗོངས་ཐད་གཏོགས་སྡེ་ཚན་གྱི་ཕྱོགས་བསྡུས་དཔྱད་ཞིབ་བྱ་ཐབས་བཏོན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱད་ཞིབ་ལས་དོན་གྱི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། 《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལས་དོན་སྲོལ་ཡིག》གཞིར་བཟུང་། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་པ་དང་།“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་རྒྱག་ཆེད། གྲོང་ཁྱེར་དང་། ས་ཁུལ། ལྗོངས་ཐད་གཏོགས་སྡེ་ཚན་བཅས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་བྱ་ཐབས་བཏོན་ནས་དཔྱད་ཞིབ་དམིགས་ཚད་མ་ལག་འཛུགས་པ་དང་། དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་ཞིབ་གོ་རིམ་གྱི་བྱེད་ཐབས་ལེགས་སུ་གཏོང་བ། དཔྱད་ཞིབ་བྱས་འབྲས་སྤྱོད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཆབ་སྲིད་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དཔྱད་ཞིབ་ཀྱི་བཀོད་འདོམས་དབྱུག་པ་དང་། ཕྱོགས་སྟོན། སྐུལ་འདེད་བཅས་ཀྱི་ནུས་པ་ཤུགས་ཆེན་འདོན་དགོས་ཤིང་། གཅིག་ནས་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་ཚད་གཞི་དོན་འཁྱོལ་བྱས་ཏེ། “གཏན་འཁེལ་གཉིས”སྲུང་སྐྱོང་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་བྱས་ཚུལ་ལ་གཙོ་གནད་ཐོག་དཔྱད་ཞིབ་བྱས་ཏེ་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་ཆབ་སྲིད་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བའི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”མངོན་འགྱུར་ཧུར་ཐག་བྱེད་པར་དམིགས་ནས། བརྒྱུད་རིམ་ཆ་ཚང་བའི་འདུ་ཤེས་ལ་བརྟེན་ནས་འགག་རྩའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་དཔྱད་ཞིབ་ནང་དོན་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཏེ“གང་ཞིག་དཔྱད་ཞིབ་བྱེད་པར”བརྟེན་ནས་ལས་བྱེད་པས“གང་ཞིག་བྱེད་དགོས་པར”ཁྲིད་སྟོན་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པའི་འགན་ལེན་བྱེད་དགོས། གསུམ་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས། བོད་ལ་འཕྲད་པའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པར་གཞི་ཚུགས་ཏེ། རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་རྣམ་འགྱུར། ཆབ་སྲིད་ཀྱི་གོ་རྟོགས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་དང་། དེ་བཞིན་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་སོགས་ཡིན་མིན་ཆེན་པོའི་གནད་དོན་ཐད་ཀྱི་དངོས་ཡོད་ཀྱི་མཚོན་ཚུལ་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ལ་སྐུལ་འདེད་གཏོང་དགོས།

ཕྱོགས་བསྡུས་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྟོན་ཕྱོགས་མངོན་གསལ་དོད་པ་དང་ཚན་རིག་དང་ལུགས་མཐུན་གྱི་དམིགས་ཚད་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་དགོས་ཤིང་། གཅིག་ནས་ཕྱོགས་བསྡུས་ཀྱི་དཔྱད་ཞིབ་སྒྲོམ་གཞི་འཛུགས་དགོས། གྲོང་ཁྱེར་དང་། ས་ཁུལ། ལྗོངས་ཐད་གཏོགས་ཚན་པ་བཅས་ཁག་སོ་སོར“1+4+1”དང“1+3+1”གི་ཕྱོགས་བསྡུས་དཔྱད་ཞིབ་སྒྲོམ་གཞི་འཛུགས་པ་དང་། ཐོག་མའི“1”ནི་ཏང་འཛུགས་སྐྱོང་དེ་དཔྱད་ཞིབ་ཁེར་རྐྱང་གི་ཚན་པ་ཡིན་པ་དང་། མཐའ་མའི“1”ནི་སྐར་མ་སྣོན་འཕྲི་དང“སྤ་སེ་གཅིག་གིས་ཁྲུ་སློག་པའི”རྣམ་གྲངས་ཡིན་པ། “4”ནི་གྲོང་ཁྱེར་དང་ས་གནས་ཀྱིས“‘དོན་ཆེན་བཞིར’དམིགས་པ་དང་། ‘འཛུགས་གཏོད་བཞིར’སྐུལ་འདེད་གཏོང་བར”ཁག་4ལ་དབྱེ་བ་དེ་ཡིན་པ། “3”ནི་ལྗོངས་ཐད་གཏོགས་ཚན་པས“‘དོན་ཆེན་བཞིར’དམིགས་པ་དང་། ‘འཛུགས་གཏོད་བཞིར’སྐུལ་འདེད་གཏོང་བའི”དམིགས་ཚད་དང་། ཆེད་དོན་དམིགས་ཚད། འགན་ལེན་དམིགས་ཚད་བཅས་ཁག་གསུམ་ལ་དབྱེ་བ་དེ་རེད། གཉིས་ནས་དམིགས་ཚད་བསྡོམས་འབོར་ཚོད་འཛིན་ནན་པོ་བྱེད་དགོས། རྩ་བར་དམ་འཛིན་དང་། གཙོ་གནད་ལ་དམ་འཛིན། གཙོ་རྐང་ལ་དམ་འཛིན་བཅས་བྱས་ནས་དམིགས་ཚད་ལ་མཚོན་བྱེད་རང་བཞིན་དང་དཔེ་མཚོན་རང་བཞིན་ལྡན་པའི་འགན་ལེན་བྱེད་པ་དང་། ཏང་འཛུགས་སྐྱོང་ཐད་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་གཙོ་གནད་ཐོག་དཔྱད་ཞིབ་བྱེད་པ། “དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིའི”འཐབ་ཇུས་ལས་འགན་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་ས་ཁུལ་ལ་རིམ་པ་དང་པོའི་དམིགས་ཚད་15བཀོད་སྒྲིག་བྱེད་པ་དང་རིམ་པ་གཉིས་པའི་དམིགས་ཚད་55ཚད་བཅད་བྱེད་པ། ལྗོངས་ཐད་གཏོགས་ཚན་པར་གཙོ་གནད་ལས་དོན་ཁག་8ནས་15བར་དང་། བསྒྲུབ་རྒྱུར་སྤྲད་པའི་ལས་དོན་ཁག་ལག་བསྟར་དོན་འཁྱོལ། དུས་བདེ་འཛུགས་སྐྱོང་སོགས་ལས་སྒོའི་དཔྱད་ཞིབ་དམིགས་ཚད་ཁག་10བཀོད་སྒྲིག་བྱེད་པ། གསུམ་ནས་ངོ་བོ་གཏན་འཁེལ་དང་གྲངས་ཚད་གཏན་འཁེལ་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས། གྲངས་ཚད་གཏན་འཁེལ་གྱི་བསྡུར་ཚད་ཆེ་རུ་གཏོང་བ་དང་དམིགས་ཚད་ཚད་བཅད་ཐུབ་རིགས་ཚད་བཅད་ཀྱི་དཔྱད་ཞིབ་ལག་བསྟར་བྱེད་པ་དང་། ཚད་བཅད་མི་ཐུབ་པའི་རིགས་ལ་ངོ་བོ་གཏན་འཁེལ་གྱི་དཔྱད་ཞིབ་ལག་བསྟར་བྱས་ཏེ་གདེང་འཇོག་གི་གཞི་འཛིན་ས་དེ་བས་ཕུན་སུམ་ཚོགས་པ་དང་ཐོབ་པའི་མཇུག་བསྡོམས་དེ་བས་བློས་འགེལ་ཆོག་པ་བྱས་ནས་དཔྱད་ཞིབ་ལས་དོན་གྱི་གཟབ་ནན་རང་བཞིན་དང་སྤྱི་མོས་ཐོབ་ཤུགས་ཆེ་རུ་གཏོང་དགོས།

ཁྱད་པར་ཅན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དཔྱད་ཞིབ་ལས་དོན་གྱི་བསྡུར་རུང་བའི་རང་བཞིན་དང་གནད་སྨིན་གྱི་རང་བཞིན་ཆེ་རུ་ཧུར་ཐག་གཏོང་དགོས་ཤིང་། གཅིག་ནས་ཁྱད་པར་རང་བཞིན་གྱི་རིམ་དབྱེ་ཁག་བགོས་བྱེད་དགོས། གྲོང་ཁྱེར་དང་ས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཡུལ་བབ་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་ཆུ་ཚད། དཔལ་འབྱོར་གྱི་སྤྱི་འབོར་སོགས་གཞིར་བཟུང་འཕེལ་རྒྱས་རིགས་ཁུལ་གསུམ་ལ་དབྱེ་བ་དང་། ས་ཁམས་ཁོར་ཡུག་དང་། སྐྱེ་ཁམས་ཉམས་ཞན་གྱི་ཚད་གཞི། སྐྱེ་ཁམས་སྲུང་སྐྱོང་གི་ལས་འགན་སོགས་གཞིར་བཟུང་སྐྱེ་ཁམས་རིགས་ཁུལ་གསུམ་ལ་དབྱེ་བ། མཐའ་མཚམས་གྲོང་ཁྱེར་དང་ས་ཁུལ་དང་མཐའ་མཚམས་མིན་པའི་གྲོང་ཁྱེར་དང་ས་ཁུལ་གཞིར་བཟུང་མཐའ་སྟོབས་རིགས་ཁུལ་གསུམ་ལ་དབྱེ་བ་བཅས་དང་། འགན་ནུས་ཀྱི་ཁྱད་ཆོས་དང་ཚན་པའི་ངོ་བོ་དེ་གཞི་རྩའི་རིགས་དབྱེའི་ཚད་གཞིར་བརྩིས་ནས་ལྗོངས་ཐད་གཏོགས་ཚན་པ་དེ་ཏང་འཛུགས་སྐྱོང་དང་མང་ཚོགས་ཚོགས་པ་དང་། སྲིད་ཁྲིམས་དང་ཁྲིམས་འཛིན། དཔལ་འབྱོར་འཕེལ་རྒྱས། དམངས་འཚོའི་བྱ་གཞག་བཅས་རིགས་བཞི་ལ་དབྱེ་བ་བཅས་རེད། གཉིས་ནས་དམིགས་ཚད་ཁྱད་པར་ཅན་གཏན་འཁེལ་བྱེད་དགོས། གཅིག་གྱུར་བླང་བྱ་དང་ཡུལ་བབ་དང་བསྟུན་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་རིགས་ཁུལ་མི་འདྲ་བའི་ཁྱད་ཆོས་གཞིར་བཟུང་གཞོགས་གཅིག་ལ་གཙོ་བོར་འཛིན་པའི་དཔྱད་ཞིབ་དམིགས་ཚད་བཟོ་བ། ས་མཐོའི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་། ཚོང་འགུགས་མ་འདྲེན་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་རིན་ཐང་བརྗེ་སྒྱུར་བྱེད་ཚད། རྩྭ་ཐང་དང་། འདམ་ར། ནགས་ཚལ་བཅས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། མཐའ་མཚམས་ཚོང་དོན་འཕེལ་རྒྱས། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་དམིགས་ཚད་གྲོང་ཁྱེར་དང་ས་ཁུལ་ཁག་གཅིག་ལ་གཙོ་གནད་ཐོག་དཔྱད་ཞིབ་བྱེད་པ། གྲོང་ཁྱེར་དང་ས་ཁུལ་ཁག་གཅིག་ལ་ཞན་འགྱུར་རམ་ཡང་ན་དཔྱད་ཞིབ་མི་བྱེད་པར་འགན་སྲུང་ཡོད་ལ་གནོན་ཤུགས་ཡོད་པ་དང་འཕར་སྣོན་ཡོད་ལ་ཉུང་དུ་འགྲོ་བའི་དམིགས་ཚད་སྟོན་ཕྱོགས་བརྒྱུད་དཔྱད་ཞིབ་དྲང་སྙོམས་དྲང་གཞག་ཡོང་བའི་འགན་ལེན་བྱེད་པ། ལྗོངས་ཐད་གཏོགས་ཚན་པས“‘དོན་ཆེན་བཞིར’དམིགས་པ་དང‘འཛུགས་གཏོད་བཞིར’སྐུལ་འདེད་གཏོང་བའི་དམིགས་ཚད་བཟོ་བར་ཚན་པའི་འགན་ནུས་ལ་དམིགས་ནས་ཆེད་དོན་དམིགས་ཚད་བཟོས་ཏེ་ཚན་པ་རེར‘རྒྱུགས་ཤོག’རེ་ཡོད་པ”བྱེད་དགོས། གསུམ་ནས་ཁྱད་པར་རང་བཞིན་གྱི་དབང་ཆ་སྤྲོད་བགོས་བྱེད་དགོས། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་ཟུང་འབྲེལ་མཐའ་འཁྱོངས་ཀྱིས། ཏང་འཛུགས་སྐྱོང་དང་བརྟན་ལྷིང་ལ་ཐུན་མོང་དམིགས་ཚད་གཞིར་བཟུང་ཆ་མཚུངས་ཀྱི་སྐར་གྲངས་སྤྲོད་དགོས། གྲོང་ཁྱེར་དང་ས་ཁུལ་གྱི་འཕེལ་རྒྱས་དང་། སྐྱེ་ཁམས། སྐར་གྲངས་སྤྲོད་པར་གཙོ་ཕལ་བྱེད་དགོས། ལྗོངས་ཐད་གཏོགས་སྡེ་ཚན་གྱི་འགན་སྲུང་དམིགས་ཚད་དང་ཆེད་དོན་དམིགས་ཚད་ལ་ཆ་མཚུངས་ཀྱི་སྐར་གྲངས་སྤྲད་དེ། “‘དོན་ཆེན་བཞིར’དམིགས་པ་དང‘འཛུགས་གཏོད་བཞིར’སྐུལ་འདེད་གཏོང་བའི”དམིགས་ཚད་ལ་གཙོ་འགན་གཙོ་ལས་གཞིར་བཟུང་རིམ་པ་གཉིས་པའི་དམིགས་ཚད་ཀྱི་སྐར་གྲངས་མི་འདྲ་བ་སྤྲད་དེ“གཅིག་དཔེ་བརྒྱ་འགེབས”བྱ་རྒྱུ་འགོག་དགོས།

ལག་ལེན་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལས་དོན་ཡག་པོ་སྒྲུབ་པ་དང་། དཔྱད་ཞིབ་ཡག་པོ་བྱེད་པ། བེད་སྤྱོད་ཡག་པོ་བྱེད་པ་བཅས་ཀྱི་གདུབ་ཟུམ་འཁོར་སྦྲེལ་ཧུར་ཐག་ཆགས་པར་བྱེད་དགོས་ཤིང་། གཅིག་ནས་གཞི་གཅིག་ཅན་གྱི་དཔྱད་ཞིབ་ལམ་སྲོལ་འཛུགས་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དཔྱད་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པས་ཙུའུ་ཀྲང་གཞོན་པའི་འགན་འཁུར་བ། འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བཙུགས་ཏེ། ལྗོངས་ཡོངས་ཀྱི་དཔྱད་ཞིབ་ལས་དོན་ལ་སྤྱི་འདོམས་མཛུབ་ཁྲིད་དང་སྒྲིག་འཛུགས་ལག་བསྟར་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དཔྱད་ཞིབ་འགན་ནུས་སྡེ་ཚན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དཔྱད་ཞིབ་དམིགས་ཚད་ཀྱི་ནང་དོན་འགྲེལ་བཤད་དང་། གདེང་འཇོག་གི་གཙོ་གནད། སྐར་མ་རྒྱག་སྟངས་སོགས་ཀྱི་ཞིབ་སྲོལ་བཟོས་ཏེ་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། འབྲེལ་ཡོད་ལས་སྒོའི་དཔྱད་ཞིབ་བསྡུ་སྒྲིལ་བྱས་ནས། དཔྱད་ཞིབ་སྣ་མང་གཅིག་སྒྲིལ་གྱིས་ཕྱོགས་མང་པོ་ནས་དཔྱད་ཞིབ་དང་དཔྱད་ཞིབ་བསྐྱར་ཟློས་སྔོན་འགོག་བྱེད་དགོས། གཉིས་ནས་དཔྱད་ཞིབ་གདེང་འཇོག་བྱེད་སྟངས་ལེགས་སུ་གཏོང་དགོས། དཔྱད་ཞིབ་ཚོགས་ཆུང་བཙུགས་ནས་ས་གནས་ས་ཐོག་ཏུ་དཔྱད་ཞིབ་བྱས་ཏེ་དམངས་གཙོའི་དཔྱད་བསྡུར་དང་། མི་རེ་ཟུང་དང་གླེང་མོལ། རྒྱུས་ལོན་ཞིབ་བསྡུར། ཕྱོགས་བསྡུས་དབྱེ་ཞིབ་བཅས་བྱེད་དགོས། གྲོང་ཁྱེར་དང་ས་ཁུལ་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚན་ཁག་ཁོངས་མིའི་གདེང་འཇོག་དམིགས་ཚད་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་བརྟག་དཔྱད་དམིགས་ཚད་བཟོས་ཏེ། ཕྱོགས་གསུམ་པའི་བརྟག་དཔྱད་སྒྲིག་གཞིར་མངགས་བཅོལ་གྱིས་སྤྱི་ཚོགས་དང་སྤྱི་དམངས་ཀྱི་གདེང་འཇོག་བྱེད་དགོས། ལྗོངས་ཐད་གཏོགས་སྡེ་ཚན་དུ་རང་སྐྱོང་ལྗོངས་ཀྱི་ལས་བགོས་འགན་འཁུར་འགོ་ཁྲིད་ལ་སྐར་གྲངས་རྒྱག་པ་དང་། ཏང་སྲིད་འགོ་ཁྲིད་རྒན་པ་ཕན་ཚུན་སྐར་གྲངས་རྒྱག་པ། ཚན་ཁག་ཁོངས་མིར་སྐར་གྲངས་རྒྱག་པ་སོགས་བཀོད་སྒྲིག་བྱས་ཏེ། བསྡུར་གཞི་ངེས་ཅན་ཡོད་པའི་སྒོ་ནས་སྐར་གྲངས་སུ་བརྩི་དགོས། ཚན་པ་དང་། ཚན་ཁག མི་སྒེར་བཅས་ཕྱོགས་གསུམ་མཉམ་འགུལ་གྱི་དཔྱད་ཞིབ་མཐའ་འཁྱོངས་ཀྱིས། ལས་རྗེས་དངོས་དང་ལས་བྱེད་པར་གདེང་འཇོག་བྱ་རྒྱུའི་དབར་གྱི་ལུགས་མཐུན་གྱི་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནས་དཔྱད་ཞིབ་བྱས་འབྲས་ཕྱོགས་ཡོངས་ནས་ཡག་པོ་སྤྱོད་དགོས། དཔྱད་ཞིབ་དང་བེད་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་ཀྱིས། དཔྱད་ཞིབ་བྱས་འབྲས་དེ་འདེམས་སྤྱོད་དང་། གསོ་སྦྱོང་སློབ་གསོ། དོ་དམ་ལྟ་སྐུལ། ལྕག་སྐུལ་གཅུན་འདོམས། འགན་འཁྲི་རྩད་གཅོད་དང་བདའ་འདེད་སོགས་དང་ཟུང་འབྲེལ་བྱས་ནས། སྔོན་ཐོན་ལ་སྐུལ་ལྕག་དང་རྗེས་ལུས་ལ་ལྕག་སྐུལ་གྱིས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བའི་མངོན་གསལ་དོད་པའི་དཔྱད་ཞིབ་ཀྱི་སྟོན་ཕྱོགས་འཛུགས་དགོས། ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་ལམ་སྲོལ་བཙུགས་ནས་འཇོན་ཐང་ཅན་ལ་ལས་གནས་ཡོད་པ་དང་། འཇོན་ཐང་ཅན་འགོ་ཁྲིད་ཀྱི་གནས་སུ་འཁོད་པ། ཕུལ་བྱུང་ཅན་ལ་གཟིགས་སྐྱོང་བཅས་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཟབ་མོ་སྔར་བས་གཏོད་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།