ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་རིག་དངོས་བདེ་འཇགས་ཆུ་ཚད་རྒྱུན་མཐུད་མཐོར་འདེགས་སུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ལས་དོན་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། 2021ལོར་བོད་ལྗོངས་ཀྱིས“སྲུང་སྐྱོབ་གཙོར་འཛིན་དང་། མྱུར་སྐྱོབ་ཨང་དང་པོ། བེད་སྤྱོད་ལུགས་མཐུན། དོ་དམ་ལ་ཤུགས་སྣོན”བཅས་ཀྱི་ལས་དོན་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། ལྗོངས་ཡོངས་ཀྱི་རིག་དངོས་ཀྱི་བདེ་འཇགས་འགོག་སྲུང་དང་མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། རིག་དངོས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བས། རིག་དངོས་ཀྱི་རྨང་གཞིའི་ལས་དོན་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་བ་དང་རིག་དངོས་ཀྱི་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་ཡག་པོ་བྱུང་ཡོད།

བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཆོས་སྒྲོན་གྱིས2021ལོར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི3006བཏང་སྟེ། རིག་དངོས་ཚན་པའི་བདེ་འཇགས་འགོག་སྲུང་དང་། མེ་ཟོན། གློག་ལམ་དང་རླངས་ལམ་སྒྱུར་བཀོད། རང་སྐྱོང་ལྗོངས་ཀྱི་རིག་དངོས་བདེ་འཇགས་ལྟ་འདོམས་སྟེགས་བུ་འཛུགས་སྐྲུན་གྱི་ལས་གཞི་བཅས་ལག་བསྟར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་རི་ཐང་རིག་དངོས་སྲུང་སྐྱོབ་བྱེད་པར་གྲོན་དངུལ་སྒོར་ཁྲི1128བཀོད་སྒྲིག་བྱས་ལ། ས་ཁུལ་དང་། གྲོང་ཁྱེར། རྫོང་། ཆུས་བཅས་ཀྱིས་བསྡོམས་པས་མ་དངུལ་སྒོར་ཁྲི2939བཏང་ནས། རིག་དངོས་ཚན་པའི་བདེ་འཇགས་དང་། མེ་ཟོན་སྒྲིག་ཆས། གློག་ལམ་དང་རླངས་ལམ་བཅས་ཀྱི་སྒྱུར་བཀོད་འཐུས་ཚང་དུ་བཏང་བ་དང་། རི་ཐང་གི་རིག་དངོས་སྲུང་སྐྱོབ་བྱེད་པར་གྲོན་དངུལ་སྒོར་ཁྲི517དོན་འཁྱོལ་བྱས་ཡོད། རིག་དངོས་ཉེས་གསོག་ལ་མཉམ་འབྲེལ་རྡུང་རྡེག་གཏོང་བའི་ལས་དོན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་བསྡོམས་པས་གྱོད་དོན20ཐོ་འགོད་བྱས་པ་དང་། གྱོད་དོན20རྩད་ཆོད་ལ། རིག་དངོས119འདེད་ལེན་བྱས་ཡོད་ཅེས་བཤད།

གཞན་ཡང་། བོད་ལྗོངས་ཀྱིས་རྒྱལ་ཁབ་རིག་དངོས་ཅུའུ་ཡི་བཀོད་སྒྲིག་ལྟར། ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱས་མེད་པའི་རིག་དངོས་སྲུང་སྐྱོབ་ཚན་པ2571(གསར་དུ་རྙེད་པའི་རིག་དངོས་ས་ཚིགས281ཚུད་པ)ལ་སྤོ་མི་རུང་བའི་རིག་དངོས་ཆ་འཕྲིན་ཐོ་འགོད་ལས་དོན་སྤེལ་ཡོད། དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ15དང་། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ518ཀྱི་སྲུང་སྐྱོང་ཁྱབ་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ས་རྒྱུད་ཁྱབ་བསྒྲགས་བྱས་ཡོད།

ཆོས་སྒྲོན་གྱིས་བཤད་རྒྱུར། བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱིས་ལྗོངས་ཡོངས་ཀྱི་དགོན་སྡེ424ཡི་སྤོ་རུང་བའི་རིག་དངོས་ཐོ་འགོད་བྱས་ནས་ཡིག་ཚགས་བཟོས་པ་མ་ཟད། ལྷ་ས་དང་། གཞིས་ཀ་རྩེ། ཉིང་ཁྲི་སོགས་ཀྱི་རིག་དངོས་ཉར་ཚགས་ཚན་པ32ཀྱི་རིག་དངོས7414ལ་ཐོ་འགོད་ཡིག་ཚགས་བཟོས་པ་དང་། ལྗོངས་ཡོངས་ཀྱི་གསར་བརྗེའི་རིག་དངོས་ཉར་ཚགས་ཚན་པ135ཡི་སྤོ་རུང་བའི་རིག་དངོས1592གཏན་འཁེལ་བྱས་པ་དང་འབྲེལ་ཡིག་ཚགས་ཀྱང་བཟོས་ཤིང་། ས་གནས(གྲོང་ཁྱེར)ཁག་གིས་དགོན་སྡེ88ཀྱི་རིག་དངོས3777གྱི་གཞི་གྲངས་བསྡུ་ལེན་ལས་དོན་ལེགས་འགྲུབ་བྱུང་ཡོད།

“འཛམ་གླིང་རིག་གནས་ཤུལ་བཞག་སྟེ་ཕོ་བྲང་པོ་ཏ་ལའི་རིག་དངོས(དཔེ་རྙིང་དང་ཡིག་ཚགས)སྲུང་སྐྱོབ་བེད་སྤྱོད་ཀྱི་རྣམ་གྲངས(དུས་ཐེངས་དང་པོ)མཇུག་སྒྲིལ་རྩིས་ལེན་བྱས་ཤིང་། རིམ་རྩིས་བྱས་ན་བམ་པོ3281དང་། དེབ47945། ཤོག་ལྷེ1148397བཅས་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་ཡིག་ཚགས་བཟོ་བ་དང་ཕབ་འཇུག་ལས་དོན་ལེགས་པར་བསྒྲུབས་ཡོད”ཅེས་ཆོས་སྒྲོན་གྱིས་བཤད།

ཚོགས་འདུའི་ཐོག་མིག་སྔར་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་རིག་དངོས་བདེ་འཇགས་སྲུང་སྐྱོང་ལས་གཞིའི་རྣམ་གྲངས46སྤྱིར་ན་ལེགས་གྲུབ་ཟིན་ཡོད། རིག་དངོས་བདེ་འཇགས་ལས་གཞི་དང་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོང་བེད་སྤྱོད་ལས་གཞི་དེ། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞིའི་ནང་བཅུག་པ་དང་། ཡན་ལག་རྣམ་གྲངས28འཆར་འགོད་ལག་བསྟར་བྱས་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.44བཏང་ཡོད་ཅེས་བསྟན་པ་རེད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།