ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གནམ་ས་གསར་པ་བཏོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——སྙན་རོང་རྫོང་སེ་ཆེན་ཤང་གི་འབྲོག་ལས་འཕེལ་རྒྱས་ཕྱོགས་སྒྱུར་སྐོར་བཀོད་པ།

མཉམ་ལས་ཁང་གཉེར་སྐྱོང་ཡག་པོ་ཐུབ་མིན་དེ་བགོ་འགྲེམས་ཀྱིས་གསལ་བཤད་བྱེད་ཐུབ། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སེ་ཆེན་ཤང་གིས་མཉམ་ལས་ཁང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད། 2021ལོར་རྫ་མ་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་ལ་ཡོང་འབབ་མཐོ་ཤོས་བཏོད་པ་སྟེ་སྒོར་ཁྲི་587ལྷག་ཙམ་ཟིན་པ་དང་བགོ་འགྲེམས་སྒོར་ཁྲི་319ལྷག་ཙམ་བརྒྱབ་ནས་མི་རེར་ཆ་སྙོམས་སྒོར་ཁྲི་3.2ཟིན་ཡོད། གྲུབ་འབྲས་དེ་ནི་ཉེ་འཁོར་གྲོང་ཚོའི་ཁྲོད་ནས་ཨང་དང་པོར་སླེབས་ཡོད།

ལས་གཏོད་ཀྱི་ཐོག་མའི་སྐོར་གླེང་སྐབས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཚོར་སྣང་ཟབ་མོ་བྱུང་ཡོད། “2018ལོར་བགོ་འགྲེམས་ཐེངས་དང་པོ་རྒྱག་སྐབས་དུད་ཚང་426གི་མང་ཚོགས་1700ལ་ཁྱོན་སྒོར་ཁྲི་40ལྷག་ཙམ་བགོས་པ་དང་མི་རེར་ཆ་སྙོམས་བགོ་འགྲེམས་སྒོར་200ལྷག་ཙམ་ལས་ཐོབ་མེད”ཅེས་སེ་ཆེན་ཤང་གི་ཤང་ཀྲང་ངག་བསྟན་གྱིས་གསར་འགོད་པར་དེ་ལྟར་བརྗོད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་རྗེས། སྙན་རོང་རྫོང་གིས“སྣེ་གཉིས་དམ་འཛིན་དང་དབུས་ལ་སྐུལ་འདེད་གཏོང་བའི”འབྲོག་ལས་ཐོན་ལས་བསམ་ཕྱོགས་གཏན་འཁེལ་བྱས་ནས་ཤང་ཁག་ཏུ“ཤང་རེར་མཉམ་ལས་ཁང་རེའི”བྱེད་ཐབས་དོན་འཁྱོལ་བྱས་ཤིང་། སྒོར་ཁྲི་300ཡི་མ་དངུལ་གཏོང་འགོ་ཚུགས་ཀྱང་དམིགས་སར་འབྱོར་མེད་པའི་གནས་ཚུལ་འོག་སེ་ཆེན་ཤང་གིས་དངུལ་སྒོར་ཁྲི་11དང་། འབྲི་གཡག་མགོ་གྲངས་167 ལུག་མགོ་གྲངས་117བཅས་ཞལ་འདེབས་བརྒྱབ་ནས་མཉམ་ལས་ཁང་བཙུཌ་པ་རེད།

གྲོང་མི་ཚོ་བློ་མི་ཕམ་པ་བྱ་ཆེད། མཉམ་ལས་ཁང་གིས་ལང་ཆེན་འབྲོག་ར་ཚོད་ལྟར་བྱས་ནས་ཕྱུགས་རིགས་གཅིག་སྡུད་ཐོག་གཡོག་བྱེད་བྱས་ཏེ་གཅིག་གྱུར་ཐོག་འོ་མ་འཇོ་བ་དང་གཅིག་གྱུར་ཐོག་དཀར་ཆུའི་ཐོན་རྫས་ལས་སྣོན་བྱས་ཤིང་། ལོ་ཕྱེད་ཀྱང་མ་འགོར་བར་དཀར་ཆུའི་ཐོན་ཚད་བརྟན་པོའི་ངང་འཕར་བ་དང་བྲིན་ཁ་རྒྱུག་པོ་བྱུང་ནས་མཉམ་ལས་ཁང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

མང་ཚོགས་ལ་ཕན་པ་དངོས་ཐོབ་པ་མཐོང་རྗེས་གཅིག་རྗེས་གཉིས་མཐུད་ངང་མཉམ་ལས་ཁང་ནང་ཞུགས་རྒྱུའི་རེ་བ་བཏོན་པས། ཤང་སྲིད་གཞུང་གི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་ཏེ་མཉམ་ལས་ཁང་དེ་ཤང་ཡོངས་ཀྱི་མཉམ་འབྲེལ་མཉམ་ལས་ཁང་དུ་རྒྱ་སྐྱེད་བཏང་བར་བརྟེན་གཞི་ཁྱོན་གྱི་ཕན་འབྲས་ཆགས་པ་མ་ཟད། སྔོན་ཐོན་གྱི་གཉེར་སྐྱོང་འདུ་ཤེས་གསེར་མཆོག་དང་། བྱེ་ནག པུང་རྒྱས་སོགས་ཀྱི་འབྲོག་རར་ཁྱབ་གདལ་བཏང་བ་རེད།

ཐོན་སྐྱེད་བྱེད་རིང་། མཉམ་ལས་ཁང་གིས་ད་དུང་འབྱུང་རྩ་ནས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱས་པ་མ་ཟད། འབྲོག་ལས་ཐོན་རྫས་རྒྱུ་ཆའི་ཐད་གནས་གཏན་འཁེལ་དང་། དུས་ཚོད་གཏན་འཁེལ། མི་གཏན་འཁེལ་བཅས་བྱས་ནས་ཉོ་སྒྲུབ་བྱེད་པ་དང་། ཡུག་ཁུལ་དུ་བསྐྱལ་ནས་གཅིག་གྱུར་ལས་སྣོན་དང་སླར་ཡང་སྤུས་རྟགས་གཅིག་གྱུར་དང་། ཐུམ་སྒྲིལ་གཅིག་གྱུར། ཕྱིར་ཚོང་གཅིག་གྱུར་བཅས་བྱས་ནས་འབྲོག་ལས་ཐོན་རྫས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ་རེད།

ལོ་ཁ་ཤས་འཕེལ་རྒྱས་བཏང་བ་བརྒྱུད། མཉམ་ལས་ཁང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། མིག་སྔར“ཤང་རེར་མཉམ་ལས་ཁང་རེ་+མཉམ་འབྲེལ་གྲོང་ཚོར་མཉམ་ལས་ཁང་རེ་+འབྲོག་ར་+གྲོང་ཚོ་རེར་མཉམ་ལས་ཁང་རེ་+འབྲོག་དུད”བཅས་ཀྱི་གཉེར་སྐྱོང་རྣམ་པ་ཞིག་ཆགས་པ་དང་། ལག་ཡོད་ཕྱུགས་རིགས་མགོ་གྲངས་2400ལྷག་ཙམ་དང་དཀར་ཆུའི་ཐོན་རྫས་ཆ་སྙོམས་ཉིན་རེར་རྒྱ་མ་2000ལྷག་ཙམ་ལས་སྣོན་ཐུབ་ནས། ས་གནས་དེ་གའི་འབྲོག་པ་200ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། “བགོ་འགྲེམས་ཀྱི་དངུལ་གྲངས་ཀྱང་ལོ་རེ་བཞིན་མང་དུ་ཕྱིན་ཡོད” ངག་བསྟན་གྱིས་2019ལོའི་ལོ་མཇུག་ཏུ་བགོ་འགྲེམས་སྒོར་ཁྲི་308ལྷག་ཙམ་བགོས་པ་དང་མི་རེར་ཆ་སྙོམས་སྒོར་1400ལྷག་ཙམ་བགོ་འགྲེམས་བྱས་ཡོད། 2020ལོར་བགོ་འགྲེམས་སྒོར་ཁྲི་319ལྷག་ཙམ་བར་མང་དུ་ཕྱིན་ནས་མི་རེར་ཆ་སྙོམས་སྒོར་2480བགོས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

ཁྲོམ་ར་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། ཤང་སྲིད་གཞུང་མཉམ་ལས་ཁང་ནས་དོན་པ་དང་ཆབས་ཅིག ལས་གཏོད་བྱེད་མཁན་སློབ་ཆེན་སློབ་མ་དེ་བས་མང་བ་དེར་ཞུགས་སུ་བཅུག་སྟེ། ཁོ་ཚོའི་བློ་གྲོས་ལ་བརྟེན་ནས་མཉམ་ལས་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་ཁྲིད་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།