ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱིས། ཐུན་མོང་བསམ་པའི་ཁྱིམ་གཞིས་བསྐྲུན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་ཤའོ་ཁྲོན་ཅང་ལ་བཅར་འདྲི་ཞུས་པ།

“འདས་ཟིན་པའི་ལོ་གཅིག་ནི་བོད་ཀྱི་རིག་གནས་བྱ་གཞག་དང་ཐོན་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་འགག་རྩའི་ལོ་ཞིག་རེད” ཉིན་ཤས་གོང་། རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་ཤའོ་ཁྲོན་ཅང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་བྱུང་།

2021ལོར《མེས་རྒྱལ། བཀྲ་ཤིས་བདེ་ལེགས》ཞེས་པ་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་འཁྲབ་སྟོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཡོངས་མི་དམངས་ལ་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྙན་སེང་ཞུས་པ་དང་། ཟློས་གར་རྩེ་གྲ《བོད་ཀྱི་བུ་ཕྲུག་ཚོའི་སེམས་པ་ཏང་ལ་ཕྱོགས》ཞེས་པའི་ནང་རིག་རྩལ་གྱི་རྣམ་པའི་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་བརྗོད་དེ་མིའི་རིགས་ཡོངས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རྣམ་པ་ཁྱབ་བསྒྲགས་བྱས་ཡོད། ལོ་དེར་བོད་ཀྱི་རིག་རྩལ་ལས་དོན་པ་ཚོས་ཧྲེན་ཀྲེན་དང་། ཁྲུང་ཆིང་། ཡུན་ནན། ཀྲེ་ཅང་། ཕྱི་འབྲེལ་པུའི་གསར་འགྱུར་ཡོངས་བསྒྲགས་ཁང་བཅས་སུ་གཟབ་མཆོར་ལེགས་པར་སྤྲས་ནས་ཡོང་སྟེ་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱིས་འཛམ་གླིང་སྐྱེ་བོ་ཀུན་ཧང་སངས་ཡོད།

ཤའོ་ཁྲོན་ཅང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་རིག་གནས་སྡེ་ཚན་གྱིས“འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་བ་མ་ཟད། རིག་གནས་ཀྱི་བླ་སྲོག་དང་རིག་གནས་ཀྱི་ནུས་པར་སྐུལ་འདེད་ཤུགས་ཆེན་བཏང་ཁར། རིག་གནས་འགྲེམས་ཁང་སྣ་ཚོགས་གྲོང་ཁྱེར་དང་ས་ཁུལ་དུ་ཁྱབ་པ་དང་། བྱེད་སྒོའི་ལྟེ་གནས་རྫོང་དང་ཆུས་སུ་ཁྱབ་པ། རིག་གནས་ས་ཚིགས་ཤང་དང་གྲོང་རྡལ་དུ་ཁྱབ་པ། འཁྲབ་སྟོན་དཔུང་ཁག་གྲོང་ཚོར་བཅའ་སྡོད་བཅས་བྱས་པ་རེད། མིག་སྔའི་བར་ལྗོངས་ཡོངས་སུ་ཆེད་ལས་དང་འགན་གཅིག་ལྕོགས་འཁུར་མཁན་རིག་རྩལ་དཔུང་ཁག་གི་གཞི་ཁྱོན་མི་ཁྲི་10ལས་བརྒལ་བ་དང་། ལོར་ཆ་སྙོམས་བྱས་ན། རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཐེངས་ཁྲི་4ལྷག་ཙམ་བྱས་པ། རིག་གནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་7500ཙམ་ཟིན་པ། རིག་རྩལ་ཚོགས་པ་ཁག་གིས་རིམ་རྩིས་བྱས་ན་རིག་རྩལ་བརྩམས་ཆོས་གསར་པ་4000ཙམ་བརྩམས་པ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་106འཕེལ་རྒྱས་བཏང་བ་བཅས་བྱས་ཡོད་ཅེས་བརྗོད་པ་རེད།

ཤའོ་ཁྲོན་ཅང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པ་བསྟན་ཡོད། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“རིག་གནས་བྱ་གཞག་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། རིག་གནས་ཐོན་ལས་སྟོབས་ཆེར་གཏོང་བ། རིག་གནས་བརྩམས་ཆོས་ལེགས་སུ་གཏོང་བ། རིག་གནས་ཁྲོམ་ར་འཁྲུག་ཏུ་གཏོང་བ། རིག་གནས་ཀྱི་སྤུས་རྟགས་གཏོད་པ་བཅས་བྱེད་དགོས་པའི”ལག་ལེན་གྱི་བླང་བྱ་ཞིབ་ཕྲ་བཏོན་ཡོད་ཅེས་བརྗོད་པ་རེད།

ཤའོ་ཁྲོན་ཅང་གིས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག བོད་ཀྱི་རིག་རྩལ་ལས་དོན་པ་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་ཀའི་གཙོ་རྐང་ལ་དམིགས་པ་དང་། མི་རིགས་མཐུན་སྒྲིལ་བརྗོད་དོན་གཙོ་བོར་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས། དྲང་ནུས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་བརྩེ་དུང་གི་འབྲེལ་ཐག་དང་སེམས་ཀྱི་རྟེན་ས་ཡིན་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། དུས་རབས་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ། རིག་གནས་སྤེལ་རེས་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གིས་རྟོགས་ཐུབ་པའི་ཀྲུང་ཧྭའི་རིག་གནས་ཀྱི་སྤུས་དག་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱེད་པར་མུ་མཐུད་ཤུགས་རྒྱག་པ། མི་དམངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ། བརྩེ་སེམས་ཀྱིས་ཕྱུག་བཞིན་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ཏེ། འཛམ་གླིང་ལ་བློས་འགེལ་ཆོག་པ་དང་། གཅེས་སུ་འོས་པ། བརྩི་བཀུར་ཐོབ་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་མངོན་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།