ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མངོན་མིན་རིག་གནས་སྣ་མང་ཕུན་སུམ་ཚོགས། ཤུལ་བཞག་བྱིན་ཅན་རྒྱུན་འཛིན་ལེགས་པར་བྱེད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ལྷོ་ཁ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྐོར་བཀོད་པ།

རིག་གནས་ཀྱི་མོས་སེམས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་འབྲེལ་ཐག་དང་སེམས་ཀྱི་རྟེན་ས་རེད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གསར་གཏོད་རང་བཞིན་ལྡན་པའི་གཞན་སྒྱུར་དང་གསར་གཏོད་རང་བཞིན་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་དོན་ལ་སྔར་བས་ཤུགས་སྣོན་ཐེབས་ཡོད་པ་རེད།

མངོན་མིན་རིག་གནས་ཤུལ་བཞག་ལ་བཀྲག་མདངས་གསར་པ་འཚེར་བར་བྱས་པ། 

རྩེད་ཐེར་ནི་སྤྱི་ལོ་641ལོ་སྟེ། ཐུ་བྷོད་དུས་སྐབས་སུ་དར་བ་ཞིག་ཡིན་ཞིང་། འུན་ཤིང་ཀོང་ཇོས་ཀྲུང་ཡོན་གྱི་རིག་གནས་བོད་དུ་དར་ཁྱབ་བཏང་བའི་གཉེན་སྒྲིག་རིག་གནས་ཀྱི་ཐོན་རྫས་སྤུས་དག་ཅིག་ཡིན་པ་དང་། ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།

2008ལོར། རྩེད་ཐེར་ལག་ཤེས་རྒྱུན་འཛིན་པ་པ་སངས་ཀྱིས་ཞིང་པ་བདུན་སྒྲིག་འཛུགས་བྱས་ཏེ། སྣེ་གདོང་ཆུས་མི་རིགས་ཐེར་མའི་ལག་ཤེས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། སྒྱུ་རྩལ་མཁས་ཅན་གསར་རྙིང་གཉིས་ཀྱིས་ལེགས་བཅོས་རྒྱུན་ཆད་མེད་པར་བྱས་པ་བརྒྱུད། རྩེད་ཐེར་འཐག་པའི་ལག་ཤེས་ཉིན་བཞིན་ཚགས་ཚུད་དུ་ཕྱིན་པ་དང་ཐོན་རྫས་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། 2013ལོར། པེ་ཅིང་ལང་ཙེ་ཚོགས་པ་དང་མཉམ་ལས་བྱས་ནས་བོད་ལྗོངས་ཐེར་མའི་གྱོན་ཆས་ཚད་ཡོད་ཀུང་སི་བཙུགས་ཏེ། རྩེད་ཐེར་ཐོན་རྫས་རིམ་བཞིན་རྒྱལ་ཡོངས་དང་འཛམ་གླིང་དུ་འཚོང་འགོ་ཚུགས་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་རིང་། སྣེ་གདོང་ཆུས་མི་རིགས་ཐེར་མའི་ལག་ཤེས་ཆེད་ལས་མཉམ་ལས་ཁང་གིས་ལས་དོན་ཧུར་ཐག་བསྒྲུབས་ནས། ས་གནས་དེ་གའི་མང་ཚོགས་དང་། ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོ། དབང་པོ་སྐྱོན་ཅན། སློབ་ཆེན་སློབ་མ་སོགས་ཀྱི་ཚོགས་སྤྱིའི་ལས་ཞུགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 2020ལོར། མཉམ་ལས་ཁང་གི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་920ཟིན་ནས་ཁེ་སྤོགས་སྒོར་ཁྲི་300བྱུང་བ་དང་། མི་132ལས་ཞུགས་བརྟན་པོ་ཐུབ་ཅིང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.2བྱུང་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག་མི་རིགས་ཐེར་མ་ལག་ཤེས་འཁེལ་འཐག་ནི་ལྷོ་ཁའི་མི་རིགས་རིག་གནས་ཀྱི“ཐོན་ལས་གཙོ་བོར”གྱུར་ཡོད་པ་རེད།

སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཆེན་བྱས་པ།

ལོ་མང་རིང་ལྷོ་ཁ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་གྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཅིང་། ལྷག་དོན་དུ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁའི་དམངས་ཁྲོད་གཞས་མ་གཏམ་རོལ་དབྱངས་ཕྱོགས་བསྒྲིགས》དང《དམངས་ཁྲོད་གླུ་གཞས་ཕྱོགས་བསྒྲིགས》སོགས་ལྷོ་ཁའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་དཔེ་དེབ་ཁག་གཅིག་དཔེ་སྐྲུན་བྱས་པ་དང་། 《ཆོས་རྒྱལ་ནོར་བཟང》དང《འགྲོ་བ་བཟང་མོ》སོགས་ཀྱི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་ཚན་ཁག་དྲུག་པར་ལེན་སྒྲིག་བཟོ་བྱས་པ་རེད།

དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་དང་དཔེ་རྙིང་ཡོངས་བཤེར་ཐོ་འགོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། ཁྱོན་རྣམ་གྲངས་206ལ་ཡོངས་བཤེར་ཐོ་འགོད་བྱས་པ་དང་། རྒྱུན་འཛིན་པ་215ཤེས་རྟོཌ་བྱུང་བ། དམངས་ཁྲོད་ལས་ཞོར་ལྷ་མོའི་རུ་ཁག་34དང་བྲོ་གར་རུ་ཁག་12མྱུར་སྐྱོབ་སླར་གསོ་བཅས་བྱས་པ་དང་འབྲེལ། རྩ་ཆེའི་དཔེ་རྙིང་ཁག་3070ལ་ཡོངས་བཤེར་བྱས་པ་རེད།

ཁྱིམ་ཚང་མགྲོན་ཁང་དང་མངོན་མིན་རིག་གནས་ཤུལ་བཞག་ཟུང་འབྲེལ་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ“ལྷ་མོའི་གྲོང་ཚོ་དང་པོ”ཞེས་འབོད་སྲོལ་ཡོད། རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་གྲས་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་གནས་དེ་ནས་དར་བ་མ་ཟད། འཕེལ་རྒྱས་དང་རྒྱུན་འཛིན་ཐུབ་ཡོད་པ་རེད། སྡེ་ཁུལ་དེ་2017ལོར་ཀྲུང་གོའི་སྲོལ་རྒྱུན་གྱི་གྲོང་ཚོ་ཁག་བཞི་པའི་གྲས་སུ་ཚུད་པ་དང་། 2019ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེར་བདམས་པ། 2020ལོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་དཔེ་སྟོན་གྲོང་སྡེར་བདམས་པ་རེད།

2020ལོར། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་མང་ཚོགས་ཧུར་ཐག་ཞུགས་པར་སྐུལ་སློང་བྱས་ནས་བོད་སྐྱོར་ཐོན་ཁུངས་ལ་བརྟེན་པ་དང་། ཁྱིམ་དུད་ཚང་མའི་ཁྱད་ཆོས་དང་ཟུང་འབྲེལ། སྡོད་ཁང་རིམ་སྤོར་སྒྱུར་བཀོད་བཅས་བྱས་པ་དང་འབྲེལ། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་ལས་སྟེགས་བརྒྱུད་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲོང་གསེབ་ཡུལ་སྐོར་དྲིལ་བསྒྲགས་བྱས་ཏེ། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཡུལ་སྐོར་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ནས། “ལྷ་མོའི་གྲོང་ཚོ་དང་པོ་དང་ས་མཐོའི་སོས་དལ་འཚོ་བའི”ཁྱད་ལྡན་མི་སེར་གྱི་སྡོད་ཁང་བསྐྲུན་ནས་ཡུལ་སྐོར་བ་དམངས་སྲོལ་རིག་གནས་མྱོང་རོལ་དང་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད་པ་རེད། 2020ལོའི་ཟླ་6ཚེས་22ཉིན་ཚོགས་པ་ཁག་དང་པོའི་ཡུལ་སྐོར་བར་སྣེ་ལེན་ཞུས་པ་ནས་ད་བར། ཁྱིམ་ཚང་མགྲོན་ཁང་7གྱི་ཉལ་ཁྲི་22ནས་ད་ལྟའི་མགྲོན་ཁང་64ཡི་ཉལ་ཁྲི་440བར་མང་དུ་ཕྱིན་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་1.9ལ་སྣེ་ལེན་ཞུས་པར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་190བྱུང་ནས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད་པ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།