ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཏེ་ལེའུ་གསར་པ་བརྩམས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— 2021ལོའི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱིར་མིག་ལྟ་བ།

—— ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་741.84ཟིན་པ་དེ་དུས་མཚུངས་ལས་6.7%འཕར་བ།

—— སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་106.94ལེགས་སྒྲུབ་བྱས་པ།

—— གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་1.3མང་དུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད་5.5%ནང་ཚུན་དུ་ཚོད་འཛིན་བྱས་པ།

—— གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%དང་16%སོ་སོར་འཕར་ནས་སྒོར་49299དང་21198སོ་སོར་ཟིན་པ་གཉིས་ཀ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ།

གསལ་ཐོ་དེ་དག་ལས་2021ལོའི་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གང་ལེགས་ཐོབ་པ་མངོན་གྱི་ཡོད།

འཕེལ་རྒྱས་དང་འབད་འབུངས་ལས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ།

2021ལོའི་ཟླ་8པར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་ཕུལ་བའི་དམངས་འཚོའི་རྣམ་གྲངས་ཏེ། ལྷ་ས་གྲོང་ཁྱེར་ཀྲུང་ཧྭའི་རིག་གནས་སྤྱི་གླིང་མཛེས་རྒྱན་སྤྲས་ནས་གྲོང་མི་དང་ཡུལ་སྐོར་བར་སྒོ་མོ་ཕྱེ་བ་རེད།

ན་ནིང་། ལྷ་ས་གྲོང་ཁྱེར་གྱིས་ས་ཆ་དང་། མ་དངུལ། ནུས་རྒྱུ་སོགས་རྒྱུ་རྐྱེན་གཙོ་བོ་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭའི་རིག་གནས་སྤྱི་གླིང་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། མི་དམངས་སློབ་ཆེན་ལྷ་ས་ཞོར་གཏོགས་སློབ་འབྲིང་སོགས་གཙོ་གནད་རྣམ་གྲངས་བསྐྲུན་འགོ་ཚུགས་པ། འཛད་སྤྱོད་སྐུལ་སྤེལ་ཟླ་བ་དང་རླངས་འཁོར་ཁ་གསབ་སོགས་བྲིན་འཚོང་བྱེད་སྒོར་ཕན་འབྲས་ཐོན་པ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་སྤྱི་འབོར་དུས་མཚུངས་ལས་8.1%འཕར་བ། ཚོང་འགུགས་མ་འདྲེན་གྱི་དམིགས་འབྱོར་མ་དངུལ་སྒོར་དུང་ཕྱུར་311.48ཟིན་པ་དེ་དུས་མཚུངས་ལས་3.25%འཕར་བ། བཟོ་ལས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་19.9ཟིན་པ་དེ་དུས་མཚུངས་ལས་12.54%འཕར་བ་བཅས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།

ནས་ཀྱི་ཐོན་འབབ་དང་། འབྲི་གཡག་བཤས་གཏོང་། སྒྲིག་བཀོད་ཞིང་ལས། ཁྱད་ལྡན་དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྒོ་ཕྱུགས་བཤས་གཏོང་ཚད་མགོ་གྲངས་ཁྲི་41.7དང་ཁྱིམ་བྱ་བཤས་གཏོང་ཚད་མགོ་གྲངས་ཁྲི་37ཟིན་ཡོད། རིག་གནས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2643ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་377ཟིན་ནས་31%དང་25%སོ་སོར་འཕར་ཡོད། རང་བྱུང་འཐུང་ཆུ་ཕྱིར་འཚོང་བྱེད་ཚད་ཏུན་ཁྲི་41ཟིན་ནས་དུས་མཚུངས་ལས་18%འཕར་ཡོད། རྒྱལ་ཁབ་རིམ་པའི“ཆེད་ལེགས་དམིགས་གསར”ཁེ་ལས་དང་། ལྗང་མདོག་བཟོ་གྲྭ ལྗང་མདོག་ཇུས་འགོད་ཐོན་རྫས་བཅས་མེད་པ་ནས་ཡོད་པར་གྱུར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་4.7%འཕར་ཡོད། སློབ་གསོ་དང་། སྨན་བཅོས། ཡུལ་སྐོར། འགྲིམ་འགྲུལ་སོགས་ཀྱི་ཁྱབ་ཁོངས་སུ“བློ་རིག+”རྒྱ་ཁྱབ་ངང་སྤྱད་ཡོད།

སྒྱུར་བཅོས་གསར་གཏོད་ལས་སྐུལ་འདེད་གཏིང་ཟབ་གཏོང་བར་གསོན་ཤུགས་ཆེན་པོ་ལྡན་པ།

སྒྱུར་བཅོས་གསར་གཏོད་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་ནི་སྔོན་ཐོན་བརྩོན་ལེན་དང་བྱས་རྗེས་འཇོག་པའི་ནང་སྐྱེས་ཀྱི་སྒུལ་ཤུགས་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི་86.79ཟིན་ནས་ལྗོངས་ཡོངས་ཀྱི་མི་འབོར་མང་ཤོས་ཀྱི་གྲོང་ཁྱེར་ལ་གྱུར་ཡོད།

ལྷ་ས་གྲོང་ཁྱེར་གྱིས་གསར་གཏོད་ཡར་སྐུལ་གྱི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་འགྲན་རྩོད་ཡོད་ལ་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་དང་། ནུས་པ་ཆེ་ལ་སྟབས་བདེ་བའི་སྲིད་དོན་གྱི་ཁོར་ཡུག ཁེ་ལས་ལ་ཕན་ཞིང་དམངས་ལ་སྟབས་བདེ་བའི་ཞབས་འདེགས་ཀྱི་ཁོར་ཡུག་བཅས་བསྐྲུན་རྒྱུར་དམ་པོར་དམིགས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་ཆེད་དོན་བྱ་སྤྱོད་སྤེལ་ནས། གྲོང་ཁྱེར་རིམ་པ་དེས་ངོ་སྤྲོད་དཔྱད་ཡིག་ཁག་400ཙམ་མེད་པར་བཟོས་པ་དང་ཚད་ལྡན་དུ་བཏང་བ་དང་། སྲིད་དོན་ཞབས་ཞུའི་ཆ་སྙོམས་ཁས་ལེན་དུས་བཀག་80%ཡན་ཐུང་དུ་བཏང་ཡོད། རིམ་རྩིས་བྱས་ན་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་24.4ཟིན་ཡོད། ཁྲོམ་རའི་བྱེད་པོ་གསར་པ་ཁྲི་2.4མང་དུ་སོང་ནས་དུས་མཚུངས་ལས་33.6%འཕར་ཡོད།

ལྷ་ས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་བསྟུན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་སོང་བ་མ་ཟད། ད་དུང་ཉིང་སོན་ཚན་རྩལ་དང་། ཨ་ལི། ཧྭ་ཝུའེ་སོགས་སྤྲིན་རྩིས་དང་། མི་ཐབས་རིག་ནུས། གྲངས་གཞི་ཆེན་པོ་བཅས་ཀྱི་དཔེ་གསར་ཐོན་ལས་ཁེ་ལས་ལྷ་སར་འཛུགས་རྒྱུར་ཡིད་དབང་བཀུག་ཡོད། 2021ལོར་ལྷ་སའི་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླིང་ཐོག་མ་བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། གྲོང་ཁྱེར་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས་གསར་པ་10མང་དུ་ཕྱིན་ནས་ཚན་རྩལ་གྱིས་དཔལ་འབྱོར་ལ་ལེགས་སྐྱེས་ཕུལ་ཚད་54%ཟིན་ཡོད། ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)“ཚན་རྩལ་གསར་གཏོད་ཀྲུང་གོའི”ཚོད་ལྟའི་གྲོང་ཁྱེར་ཁག་གཉིས་པར་ཚུད་ཡོད། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་པོ་ཆོག་མཆན་ཐོབ་ནས་དོན་འཁྱོལ་ཐུབ་ཡོད།

དམངས་འཚོ་འགན་སྲུང་བྱས་ཏེ་སྤུས་ཚད་མཐོ་བའི་དྲིས་ལན་བཏབ་པ།

ན་ནིང་ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དེ་དག་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ལས་ཞུགས་འབབ་འཕར་དང་། ནད་བསྟེན་སློབ་ཞུགས། སྡོད་ཁང་འགན་སྲུང་། གྲོང་ཁྱེར་དོ་དམ། གྲོང་གསེབ་དར་རྒྱས། བཟའ་བཅའ་བདེ་འཇགས། རིག་གནས་དམངས་ཕན་སོགས་ཀྱི་དམངས་འཚོའི་གནད་དོན་ལ་དམིགས་ནས་མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་། སུན་སྣང་། སེམས་ནད་་བཅས་སེམས་ནུས་ཡོད་རྒུས་བསལ་བ་རེད།

སློབ་གྲྭ་ཡོངས་ལ་དྲོད་རླངས་མཁོ་འདོན་བྱས་པ་ནི་ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་ཡིག་འབུལ་ཞུ་བཅར་དང་ལེན་དང་བྱ་བ་དངོས་སྒྲུབ་པའི”ཁྲོད་ཐག་གཅོད་བྱས་པའི་དམངས་འཚོའི་བྱ་བ་དངོས་ཀྱི་གྲས་ཤིག་རེད། བྱེད་སྒོ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ལས་བྱེད་པ་བསྡོམས་མི་ཐེངས་1300ལྷག་ཙམ་གཞི་རིམ་དུ་བསྐྱོད་དེ“ཐབ་ཚང་ཨ་མ”དང་། ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོ། གྲོང་ཁྱེར་གྱི་དམིགས་འཛུགས་འཁོར་འཇོག་ཁུལ་དུ་ཞིང་འབྲོག་པའི་འཁོར་རིགས་འཇོག་དངུལ་སྤྲོད་མི་དགོས་པ་སོགས་དམངས་འཚོའི་དོ་ཁུར་ཆེ་བའི་གནད་དོན་ཁག་1902ཐག་གཅོད་བྱས་པས་གྲོང་ཁྱེར་དེའི་སློབ་གསོ་དང་། ལུས་རྩལ། སྨན་བཅོས་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། དབུལ་པོར་འགྱུར་ཉེན་ཆེ་བ་དང་དབུལ་ལོག་གི་ཉེན་ཡོད་དུད་ཚང་192དབུལ་པོར་མི་འགྱུར་བ་བྱས་པ་དང་། འདམ་གཞུང་རྫོང་དང་སྙེ་མོ་རྫོང་གི་ས་བབ་ཤིན་ཏུ་མཐོ་བའི་དུད་ཚང་235ལ་སྐྱེ་ཁམས་གནས་སྤོ་བྱས་པ་དང་གྲོང་ཚོ་43གྱི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་བཏང་ཡོད། ཞིང་འབྲོག་པ་ཁྲི་8.6ལས་ཞུགས་གཞན་སྒྱུར་བྱས་པ་དང་སྐབས་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99.7%ཟིན་ཡོད། སློབ་གྲྭ་8བསྐྲུན་ནས“ཡང་གཏོང་གཉིས”ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་གཉེར་སྐྱོང་མིན་པའི་རླངས་འཁོར་ཆུང་གྲས་ལ་དམིགས་འཛུགས་འཁོར་འཇོག་ཁུལ་དུ་དུས་བཀག་ནང་འཁོར་འཇོག་དངུལ་སྤྲོད་མི་དགོས་པའི་ཞབས་འདེགས་ཞུས་ཡོད།

གནམ་སྔོན་ཆུ་དྭངས་ས་གཙང་སྲུང་སྐྱོང་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་པར་བརྟེན། མཁའ་རླུང་སྤུས་ཚད་ལེགས་པའི་ཚད་གཞི་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མདུན་གྲལ་དུ་བརྟན་པོར་གནས་པ་དང་། གྲོང་ཁྱེར་ཡོངས་ཀྱི་གཙང་མཚེའུ་གཙོ་བོ་དང་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་གཤགས་ངོས་5དང་གྲོང་ཁྱེར་གྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོ་ཁུལ་12གྱི་ཁོར་ཡུག་བཟང་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།