ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཡན་ཅིན་ཧའེ་ཡིས་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནན་བཤད་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྗོངས་ཡོངས་ཀྱི་རྣམ་གྲངས་གལ་ཆེན་འགན་གཙང་འགན་ལེན་གྱི་སྐུལ་འདེད་ལས་དོན་ལམ་སྲོལ་གྱི་བླང་བྱ་གཞིར་བཟུང་། ཚེས་11ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུཌ་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཞིབ་འཇུག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་རེད།

དུས་མཚམས་གོང་མའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་རྗེས་ཡན་ཅིན་ཧའེ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་ཐབས་འདོན་ཇུས་བཀོད་གནང་སྟེ་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་རིང“རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གང་མགྱོགས་བསྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་གནང་ཡོད།

ཀྲུང་དབྱང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་རྒྱལ་ཁབ་ཀྱི་འདུ་འགོད་གལ་ཆེན་དྲུག་གི་གྲས་ཤིག་ཏུ་གཏན་འཁེལ་བྱེད་པའི་གྲོས་འགོ་བཏོན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་ང་ཚོས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གང་མགྱོགས་སྐྲུན་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བརྟན་པོར་ངེས་ཏེ་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ནས་ཇུས་འགོད་དང་། རང་སྐྱོང་ལྗོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ནས་སྤྱི་འདོམས། མི་དམངས་ཀྱི་ལངས་ཕྱོགས་ནས་བསམ་གཞིག་བཅས་བྱས་ཏེ། ལས་སླ་པོར་བྱུང་བ་ཞིག་མ་ཡིན་པའི་ཆབ་སྲིད་ཀྱི་གོ་སྐབས་དང་། སྲིད་ཇུས་ཀྱི་གོ་སྐབས། ལས་རིགས་ཀྱི་གོ་སྐབས་བཅས་ལ་དམ་འཛིན་ནན་པོ་བྱེད་པ། དམིགས་ཚད་ལ་དམ་པོར་དམིགས་པ་དང་། གཙོ་གནད་དམ་འཛིན། དཀའ་གནད་ཁྱད་དུ་བསད་པ་བཅས་བྱས་ནས་སྔོན་ལ་འཆར་གཞི་ཡག་པོ་བཀོད་དེ་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱལ་ཁབ་ཀྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ཡོང་བར་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

ཡན་ཅིན་ཧའེ་ཡིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཙོ་གནད་ཅིག་རེད། རིམ་ཁག་སྡེ་ཚན་ཁག་དང་འབྲེལ་ཡོད་ནུས་རྒྱུའི་ཁེ་ལས་ཀྱིས་བླང་བྱ་དེ་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་སྟོབས་ཆེར་གཏོང་བ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་དང་ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱེད་དགོས། “རི་སྔོན་གནམ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཞེས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་འགན་འཁྲི་འཁུར་ཕོད་པ་དང་། བྱས་རྗེས་འཇོག་མཁས་པ། ཉམས་མྱོང་དཔྱད་གཞིར་འཛིན་པ། ད་ཡོད་ཀྱི་ལམ་སྲོལ་འདོན་སྤེལ་གང་ལེགས། རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ། ཧུར་བརྩོན་ཆེན་པོས་སྙན་སེང་ཞུ་བ་དང་འབྲེལ་མཐུད། རྗེས་འདེད་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྣམ་གྲངས་བདེ་བླག་ངང་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས། ནུས་རྒྱུའི་ཁེ་ལས་ཁག་གིས་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་དུ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས“ས་ཆ་བཟུང་ནས་གསར་སྤེལ་མི་བྱེད་པ”དང“ར་བ་སྐོར་ནས་འཛུགས་སྐྲུན་མི་བྱེད་པ”གཏན་འགོག་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགུལ་ངང་ལས་ཀ་བྱེད་པ་དང་སྔོན་ཚུད་ཞབས་འདེགས་ཞུས་ནས་ཐོགས་མེད་བགྲོད་ལམ་གཏོད་དགོས་པ། འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་ཁག་གིས་འགོ་ཁྲིད་ཨང་དང་པོས་དམ་འཛིན་དང་ལས་བགོས་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ་མཐའ་འཁྱོངས་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གང་མགྱོགས་སྐྲུན་པ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང“དོན་ཆེན་བཞི”དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲར་བརྩིས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང“གསར་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ལ་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།