ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི་ལྷོ་རི་དང་བྱང་རི་སྔོ་འགྱུར་ལ་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་བཀྲམ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལ་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་ལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལ་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས》ཀྱི་ནང་དོན་ཆ་ཚང་གཤམ་གསལ་ཏེ།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ལྷ་སའི་ལྷོ་རི་བྱང་རི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་རྩ་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པའི་ཧུར་སེམས་ཆེ་རུ་གཏོང་བའི་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང་། 《ཚན་རིག་དང་མཐུན་པའི་སྔོ་འགྱུར་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་མཛུབ་ཁྲིད་བསམ་འཆར》(རྒྱལ་གཞུང་སྤེལ〔2021〕ཨང་19པ)《སྤྱི་ཚོགས་ཀྱི་མ་རྩ་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》(རྒྱལ་གཞུང་སྤེལ〔2021〕ཨང་40པ)《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་གཏན་འབེབས་གཞིར་བཟུང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་བྱེད་ཐབས་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། སྲིད་ཇུས་བྱེད་ཐབས་འདི་ནི་ཁེར་རྐྱང་ངམ་མཉམ་འབྲེལ་སྒྲིག་གཞིའི་རྣམ་པའི་ཐོག་ནས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་འགན་གཙང་ལེན་མཁན་གྱི་ཁེ་ལས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་སོགས་ལ་ས་ཞིང་འགན་གཙང་གཉེར་སྐྱོང་དང་། མ་དངུལ་ཁ་གསབ། དངུལ་རྩའི་རོགས་སྐྱོར། ཐཱན་བསྡུ་ཚད་ཉོ་འཚོང་། ནགས་ཚལ་འགན་བཅོལ། ནགས་ཚལ་བདག་སྐྱོང་སོགས་ཀྱི་ཐད་གནང་བའི་གཟིགས་སྐྱོང་སྲིད་ཇུས་དང་རོགས་སྐྱོར་བྱེད་ཐབས་ལ་གོ་དགོས།

དོན་ཚན་གསུམ་པ། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་ས་ཁོངས་ནི་སྔོ་འགྱུར་འཛུགས་སྐྲུན་ས་ཆ་དང་དེ་བཞིན་ནགས་ཚལ་ཡུལ་སྐོར་དང་། ནགས་ཚལ་ལུས་གསོ། ལུས་རྩལ། དཔལ་འབྱོར་འབྲས་ཤིང་། ནགས་ཁྲོད་དཔལ་འབྱོར། གཉེར་སྐྱོང་ཞབས་ཞུའི་སྒྲིག་བཀོད་སོགས་གཉེར་སྐྱོང་རང་བཞིན་གྱི་ས་ཆ་དང་འབྲེལ་བ་ཡོད་པས། ཁོངས་གཏོགས་ས་ཆའི་རྩ་དོན་ལྟར་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་དོན་འཁྱོལ་བྱེད་འགན་འཁུར་དགོས།

ལེའུ་གཉིས་པ། ནགས་བཟོ་འགན་གཙང་ལེན་པའི་སྐོར།

དོན་ཚན་བཞི་པ། 《ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་འཆར་འགོད(2021ལོ་ནས་2030ལོ་བར)》དང་དེ་བཞིན་ལོ་འཁོར་གྱི་ནགས་བཟོའི་ལས་སྒྲུབ་ཇུས་འགོད་གཞིར་བཟུང་། ལོ་ལྟར་གྱི་ཟླ་11པའི་ཟླ་མཇུག་གོང་ལོ་འཁོར་རྗེས་མའི་འགན་གཙང་ལེན་པའི་ས་ཆ་དང་། རྒྱ་ཁྱོན། ལས་རིམ་སོགས་ཀྱི་གཞི་རྩའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་ལྔ་པ། རི་རྒོད་དང་ཐང་རྒོད(གཤམ་དུ་ས་རྒོད་ཅེས་འབོད་རྒྱུ)དུ་ནགས་བཟོའི་འགན་གཙང་ལེན་མཁན་ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ཀྱིས་ངེས་པར་དུ་ཆོག་མཆན་སྤྲད་པ་གཞིར་བཟུང་ཇུས་འགོད་དང་ལས་ཀ་སྒྲུབ་དགོས་པ་དང་ལས་ཀའི་ཇུས་འགོད་སོགས་ཀྱི་དུས་འགོའི་ལས་དོན་ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱིས་འགན་འཁུར་དགོས།

དོན་ཚན་དྲུག་པ། ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ཀྱིས་ས་རྒོད་དུ་ནགས་བཟོ་འགན་གཙང་བླངས་ནས་མིས་བཟོས་ནགས་ཚལ་ཆགས་ཚེ། འགན་གཙང་བླངས་པའི་དུས་ཡུན་ནང་གི་གསོ་སྐྱོང་དང་བདག་སྐྱོང་བྱེད་འགན་འགན་གཙང་ལེན་མཁན་ཕྱོགས་ཀྱིས་འཁུར་དགོས།

དོན་ཚན་བདུན་པ། འགན་གཙང་ལེན་མཁན་གྱི་མོས་མཐུན་ཐོབ་པ་བརྒྱུད་ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ཀྱིས་ནང་བཤུག་གཏོང་བ་དང་བོགས་མར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནགས་ས་གསོ་སྐྱོང་དང་བདག་སྐྱོང་ལ་ཞུགས་ཆོག

དོན་ཚན་བརྒྱད་པ། ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ཀྱིས་ས་རྒོད་དུ་ནགས་བཟོ་འགན་གཙང་བླངས་ཚེ་འགན་གཙང་ལེན་ཡུན་རིང་ཤོས་ལ་ལོ་70ལས་བརྒལ་མི་ཆོག་པ་དང་ཐུང་ཤོས་ལོ་30ལས་ཉུང་མི་རུང་། ས་ཞིང་གི་བདག་དབང་ལ་འགྱུར་བ་མེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་གླ་གཅིག་ཀྱང་སྤྲོད་མི་དགོས།

དོན་ཚན་དགུ་པ། ས་རྒོད་དུ་ནགས་བཟོ་འགན་གཙང་ལེན་མཁན་ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ཀྱིས་ནགས་བཟོ་སྔོ་འགྱུར་ལས་འགན་ལེགས་སྒྲུབ་བྱུང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱི་ཞིབ་བཤེར་རྩིས་ལེན་ཚད་ལོན་རྗེས་རང་བྱུང་ཐོན་ཁུངས་སྡེ་ཚན་དང་ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱིས་དབང་ཆ་གཏན་འཁེལ་བྱས་ནས་ལག་ཁྱེར་སྤྲད་དེ་ནགས་ས་དང་ནགས་ཤིང་གི་བདག་དབང་དང་གཉེར་སྐྱོང་དབང་ཆ་ཁ་གསལ་བཟོས་ནས་ཁྲིམས་ལྟར་དེའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱི་མཉམ་སྡེབ་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་དང་མཐུན་པའི་ནགས་སར་འགན་གཙང་ལེན་མཁན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་མཉམ་སྡེབ་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་འབྲེལ་ཡོད་བྱེད་ཐབས་ལོངས་སུ་སྤྱད་ཆོག

དོན་ཚན་བཅུ་པ། ནགས་བཟོའི་ས་ཆའི་གཉེར་སྐྱོང་དུས་ཡུན་དེ་ནགས་བཟོའི་ས་ཆའི་འགན་གཙང་ཡུན་ཚད་དང་གཅིག་མཚུངས་ཡིན་དགོས་པ་དང་ནགས་བཟོའི་ས་ཆའི་གཉེར་སྐྱོང་དུས་ཡུན་ལོ་70ལས་བརྒལ་མི་ཆོག འགན་གཙང་བླངས་པའི་དུས་བཀག་ཐིམ་རྗེས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་མུ་མཐུད་འགན་གཙང་ལེན་ཆོག འགན་གཙང་བླངས་པའི་དུས་ཡུན་ནང་སྤྱི་ཚོགས་ཀྱི་བྱེད་པོ་སྣ་ཚོགས་ཀྱིས་འགན་གཙང་ལེན་པ་དང་། བོགས་མར་གཏོང་བ། ནང་བཤུག་གཏོང་བ། ཧབ་ཚོང་རྒྱག་པ། མ་རྐང་མཉམ་ལས་སོགས་ཀྱི་རྣམ་པ་བརྒྱུད་དེ་སྣ་མང་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱ་ཆོག་ལ། ཁྲིམས་ལྟར་འགན་གཙང་གཞན་སྤྲོད་དང་། བོགས་མར་གཏོང་བ། རྒྱུན་འཛིན་བྱེད་པ། གཏའ་མར་འཇོག་པ། ཁག་ཐེག་བྱེད་པ། མ་རྐང་དུ་འཇོག་པ་བཅས་སམ་ཡང་ན་མ་དངུལ་ལ་བརྩིས་ནས་མཉམ་ལས་ལ་ཞུགས་པའི་ཆ་རྐྱེན་ལ་བརྩི་ཆོག ད་ཡོད་ཀྱི་དོ་དམ་ཞབས་ཞུའི་ལས་སྟེགས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ། ནགས་དབང་ནང་བཤུག་དང་། གསོག་ཉར། ཐོ་འགོད། འཐུས་མཆན། མ་དངུལ་བསྡུ་སྒྲིལ་སོགས་ཀྱི་དོ་དམ་ཞབས་ཞུའི་ལས་དོན་སྒྲུབ་སྟངས་འཚོལ་ཞིབ་དང་དེར་སྐུལ་འདེད་གཏོང་དགོས།

དོན་ཚན་བཅུ་གཅིག་པ། ནགས་སའི་སྐྱེ་ཁམས་ནུས་པར་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་འགན་གཙང་བླངས་པའི་ལོ་དེར་ནགས་བཟོའི་འགན་གཙང་བླངས་པའི་ས་ཆའི་25%ཡི་ནང་ཚུན་གྱི་རྒྱ་ཁྱོན་དེ་གཉེར་སྐྱོང་རང་བཞིན་གྱི་ས་ཞིང་དུ་བརྩིས་ནས་ནགས་ཚལ་ཡུལ་སྐོར་དང་། ནགས་ཚལ་ལུས་གསོ། ལུས་རྩལ། དཔལ་འབྱོར་འབྲས་ཤིང་། ནགས་ཁྲོད་དཔལ་འབྱོར། གཉེར་སྐྱོང་ཞབས་ཞུའི་སྒྲིག་བཀོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱད་ཆོག འབྲེལ་ཡོད་ཀྱི་ཞིབ་མཆན་འགྲོ་ལུགས་གཉེར་དགོས་རིགས་ས་གནས་དེ་གའི་ལས་རིགས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་གྱིས་ཞིབ་མཆན་འགོད་དགོས། ནགས་བཟོའི་ས་ཁོངས་སུ་གོང་གསལ་རྣམ་གྲངས་དང་མི་མཐུན་པའི་འཛུགས་སྐྲུན་རྣམ་གྲངས་གཞན་དག་བསྐྲུན་མི་ཆོག

དོན་ཚན་བཅུ་གཉིས་པ། ས་རྒོད་དུ་ནགས་བཟོ་འགན་གཙང་ལེན་མཁན་ཁེ་ལས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་སོགས་ཀྱིས་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་གཉེར་སྐྱོང་རང་བཞིན་གྱི་རྣམ་གྲངས་ཀྱི་རྒྱབ་སྐྱོར་རེ་འདུན་ཞུ་ཆོག་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་དང་མ་དངུལ་སོགས་ནས་གཟིགས་སྐྱོང་བྱེད་དགོས།

དོན་ཚན་བཅུ་གསུམ་པ། སྲིད་གཞུང་གིས་མ་དངུལ་གཏོང་བའི་སྐུལ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་PPPདང་EPCསོགས་ཀྱི་རྣམ་པ་འཚོལ་ཞིབ་དང་དེར་བརྟེན་ནས་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་གྱིས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱེད་དགོས།

ལེའུ་གསུམ་པ། ནགས་བཟོའི་ཁ་གསབ་སྐོར།

དོན་ཚན་བཅུ་བཞི་པ། རྩ་དོན་ལྟར་ན་ཁེ་ལས་དང་སྤྱི་ཚོགས་ཚོགས་པས་ས་རྒོད་དུ་ནགས་ཚལ་མུའུ་2000ཡན་བཟོ་བའི་འགན་གཙང་བླངས་པ་དང་། མཉམ་ལས་ཁང་གིས་ས་རྒོད་དུ་ནགས་ཚལ་་500ཡན་བཟོ་བའི་འགན་གཙང་བླངས་པ། མི་སྒེར་གྱིས་ས་རྒོད་དུ་ནགས་ཚལ་མུའུ་100ཡན་བཟོ་བའི་འགན་གཙང་བླངས་པའི་རིགས་ལ《བོད་རང་སྐྱོང་ལྗོངས་ཀྱི་ནགས་བཟོའི་ལས་གྲྭ་ཞིབ་བཤེར་རྩིས་ལེན་དོ་དམ་བྱེད་ཐབས》ཀྱི་གཏན་འབེབས་ལྟར་ནགས་ལས་དང་རྩྭ་ཐང་གི་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་རྩིས་ལེན་ཚད་ལོན་རྗེས་ནགས་བཟོ་འགན་གཙང་ལེན་མཁན་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་ཁ་གསབ་སོགས་སྲིད་ཇུས་ལོངས་སུ་སྤྱད་ཆོག

དོན་ཚན་བཅོ་ལྔ་པ། འགན་གཙང་ལེན་མཁན་ཕྱོགས་ཀྱི་ཧུར་སེམས་སྔར་ལས་འཕེལ་ཆེད། ལས་སྒྲུབ་དང་། ཇུས་འགོད། ནགས་བཟོ་བཅས་ཀྱི་ཐད་ཀའི་འགྲོ་གྲོན་གྱི་40%ལྟར་འགན་གཙང་ལེན་མཁན་ཕྱོགས་ལ་ཁ་གསབ་སྤྲོད་རྒྱུ་དང་། ནགས་བཟོ་བྱས་པའི་ལོ་གསུམ་པ་དང་ལོ་ལྔ་པར་ཞིབ་བཤེར་རྩིས་ལེན་ཚད་ལོན་རྗེས་སོ་སོར་50%ཡི་ཁ་གསབ་མ་དངུལ་སྤྲོད་རྒྱུ། ཁ་གསབ་མ་དངུལ་དེ་ལས་གྲྭ་དེའི་འཛུགས་སྐྲུན་གྱི་འགྲོ་གྲོན་ནས་ཐག་གཅོད་བྱེད་དགོས།

དོན་ཚན་བཅུ་དྲུག་པ། ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ཀྱིས་ས་རྒོད་དུ་ནགས་བཟོ་འགན་གཙང་བླངས་པར་འགྲིམ་འགྲུལ་དང་། ཆུ་བེད།(མདོང་ལམ་གཙོ་བོ)གློག་ཤུགས། བདག་སྐྱོང་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་གཙོ་བོ་སྲིད་གཞུང་གིས་མ་རྩ་བཏང་ནས་འཛུགས་སྐྲུན་བྱེད་དགོས་པ་དང་། མ་དངུལ་དེ་དག་ལས་རིགས་ཁག་དང་སྡེ་ཚན་ཁག་གི་ཆེད་སྤྱོད་མ་དངུལ་དང་ལས་གྲྭ་འདིའི་འཛུགས་སྐྲུན་གྱི་གྲོན་དངུལ་ནས་གཅིག་གྱུར་ཐག་གཅོད་བྱེད་དགོས། འགན་གཙང་ལེན་མཁན་ཕྱོགས་ཀྱིས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྗེས་མཐུད་བཀོལ་སྤྱོད་དང་བདག་སྐྱོང་གི་འགན་འཁུར་དགོས།

དོན་ཚན་བཅུ་བདུན་པ། ས་རྒོད་དུ་ནགས་བཟོ་འགན་གཙང་བླངས་པར་འགན་གཙང་ལེན་པའི་དུས་ཡུན་རིང་ནགས་བཟོ་དང་ཆུ་འདྲེན་ལ་གློག་སྤྱོད་སྐབས། ཞིང་ལས་ཐོན་སྐྱེད་ཐད་ཀྱི་གློག་རིན་ལྟར་ཆུ་ཚོད་ཆན་ཝ་རེར་སྒོར་ཟུར་2ལྟར་རྩིས་རྒྱག་དགོས་པ་དང་། ནགས་བཟོ་དང་ཆུ་འདྲེན་པར་གློག་རིན་ལ་ཆུ་ཚོད་ཆན་ཝ་རེར་ཡང་བསྐྱར་སྒོར་ཟུར་1གི་ཁ་གསབ་སྤྲོད་དགོས། འབྲེལ་ཡོད་ཁ་གསབ་མ་དངུལ་ལས་གྲྭ་དེའི་འཛུགས་སྐྲུན་གྱི་འགྲོ་གྲོན་ནས་ཐག་གཅོད་བྱེད་དགོས་པ་དང་། ནགས་བཟོའི་ས་ཆའི་གཉེར་སྐྱོང་རང་བཞིན་གྱི་རྣམ་གྲངས་25%ལ་གློག་རིན་ཁ་གསབ་སྲིད་ཇུས་ལོངས་སྤྱོད་བྱེད་མི་ཆོག

དོན་ཚན་བཅོ་བརྒྱད་པ། ས་རྒོད་དུ་ནགས་བཟོ་འགན་གཙང་བླངས་པར་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལོན་རྗེས། ལོ་རེར་མུའུ་རེ་ལ་འགན་བཅོལ་གྲོན་དངུལ་སྒོར་10གཏོང་བའི་ཚད་གཞི་ལྟར། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང(ཆུས)བཅས་ཀྱི་ནོར་སྲིད་ཀྱིས་5:3:2ཀྱི་བསྡུར་ཚད་གཞིར་བཟུང་མ་དངུལ་བཏང་ནས་ནགས་བཟོ་བྱས་ནས་ནགས་ཚལ་དུ་འགྱུར་བར་འགན་བཅོལ་ཡོད་པ་བྱེད་དགོས། ནགས་ཚལ་མེ་སྐྱོན་དང་ཆུ་ལོག་གི་གནོད་འཚེ་སོགས་ཐོན་ནས་ནགས་ས་དང་དེའི་ལེ་ལག་ཚང་བའི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་སྐབས། འགན་བཅོལ་ཀུང་སིས་གན་རྒྱའི་ཁ་ཆད་ལྟར་ནགས་བཟོ་དང་། ཆུ་བེད། གཞུང་ལམ་སོགས་ཀྱི་འཆར་འགོད་དང་མ་དངུལ་འཇོག་པའི་ཚད་གཞི་གཞིར་བཟུང་ནས་སྐྱིན་ཚབ་འཇལ་དགོས།

དོན་ཚན་བཅུ་དགུ་པ། ནགས་བཟོ་བའི་མི་ལུས་བདེ་འཇགས་དང་ཁེ་དབང་ལ་འགན་སྲུང་བྱེད་ཆེད། ནགས་བཟོ་བའི་འཆི་རྨས་སྤྱི་ཚོགས་འགན་སྲུང་ལས་རྨས་འགན་བཅོལ་གྱི་ཁྱབ་ཁོངས་སུ་འཇུག་དགོས་པ་དང་། འབྲེལ་ཡོད་འགན་བཅོལ་གྲོན་དངུལ་ལས་གྲྭ་དེའི་འཛུགས་སྐྲུན་གྱི་འགྲོ་གྲོན་ནས་ཐག་གཅོད་བྱེད་དགོས།

དོན་ཚན་ཉི་ཤུ་པ། ས་རྒོད་དུ་ནགས་བཟོ་འགན་གཙང་ལེན་མཁན་ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ལ་མ་དངུལ་བསྡུ་སྒྲིལ་གྱི་དངུལ་བུན་གཏོང་རྒྱུ་དང་། 《དངུལ་རྩར་བརྟེན་ནས་ནགས་བཟོའི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་སྔོན་ལ་ནགས་བཟོ་དང་རྗེས་སུ་ཁ་གསབ་བྱེད་རྒྱུའི་རྣམ་གྲངས་འཛུགས་སྐྲུན་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལག་བསྟར་བསམ་འཆར》ལྟར་ལག་བསྟར་བྱེད་དགོས། དངུལ་བུན་མང་ཤོས་ནི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་གན་རྒྱའི་གྲོན་དངུལ་གྱི་70%གཡར་གྱི་ཡོད་པ་དང་དངུལ་བུན་གཡར་ཡུན་རིང་ཤོས་ནི་ལོ་10ཡིན་པ། དངུལ་བུན་གཡར་བའི་སྐྱེད་ཀ་ནི་བོད་ཀྱི་དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིའི་སྤྱིར་བཏང་གི་ཚོང་ལས་རང་བཞིན་གྱི་དངུལ་བུན་གཡར་བའི་སྐྱེད་ཀའི་ཚད་གཞི་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་གཅིག་པ། གསར་དུ་བཟོས་པའི་ནགས་སའི་ནགས་ཚལ་སྟུག་ཚད་0.2ཡན་ཟིན་ནས་རྒྱལ་ཁབ་ཀྱི་སྤྱི་ཕན་ནགས་ཚལ་གྱི་ཚད་གཞི་དང་མཐུན་རིགས་ནགས་ལས་དང་རྩྭ་ཐང་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་གཏན་འཁེལ་བྱས་རྗེས། སྔོན་ལ་དེ་ཉིད་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་བྱེད་ཁོངས་སུ་འཇུག་པའི་རེ་འདུན་ཞུ་ཆོག་པ་མ་ཟད། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ལོ་འཁོར་གྱི་ཁ་གསབ་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་བ་དང་འབྲེལ་འགན་གཙང་ལེན་མཁན་ཕྱོགས་ལ་དངུལ་སྤྲོད་དགོས།

དོན་ཚན་ཉེར་གཉིས་པ། ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ཀྱིས་ས་རྒོད་དུ་ནགས་བཟོ་འགན་གཙང་བླངས་ནས་ནགས་ཚལ་དུ་གྱུར་རྗེས། ནགས་ལས་ཀྱིས་ཐཱན་བསྡུ་ཚད་འཕར་ཚད་ལ་ཞིབ་བཤེར་བྱེད་པའི་རེ་འདུན་ཞུ་བ་དང་ནགས་ལས་དང་རྩྭ་ཐང་སོགས་སྡེ་ཚན་གྱིས་ངོས་འཛིན་གཏན་འཁེལ་བྱས་རྗེས། ཐཱན་བསྡུ་ཚད་ཉོ་ཚོང་བྱ་ཆོག་པ་མ་ཟད། ནགས་ལས་ཀྱི་ཐཱན་བསྡུ་ཚད་གསར་འཕར་དངུལ་བུན་སོགས་ཀྱི་སྲིད་ཇུས་ནས་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་ཉེར་གསུམ་པ། ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ཀྱིས་ས་རྒོད་འགན་གཙང་བླངས་ནས་ནགས་བཟོའི་ལས་གྲྭ་ལག་བསྟར་བྱེད་སྐབས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་རིགས་ལ་འབྲེལ་ཡོད་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱ་ཆོག

ལེའུ་བཞི་པ། བྱ་དགའ་དང་གཟེངས་བསྟོད།

དོན་ཚན་ཉེར་བཞི་པ། ས་རྒོད་དུ་ནགས་བཟོ་འགན་གཙང་ལེན་མཁན་ཁེ་ལས་སོགས་ཀྱིས་སློབ་ཆེན་སློབ་མ་ལས་ཀར་བཅུག་ཚེ། རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཀྱི་འབྲེལ་ཡོད་སྲིད་ཇུས་ལོངས་སུ་སྤྱད་ཆོག

དོན་ཚན་ཉེར་ལྔ་པ། ས་རྒོད་དུ་ནགས་བཟོ་འགན་གཙང་བླངས་ནས་ཞིང་པ་ལས་མི་ལས་ཀར་བཅུག་པའི་ཁེ་ལས་དང་མཉམ་ལས་ཁང་ལ《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་རྟེན་གཞིའི་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ཀྱི་བླང་བྱ་དང་མཐུན་ཚེ། གཏན་འབེབས་ལྟར་དེ་མཚུངས་ཀྱི་བྱ་དགའ་སྤྲོད་རྒྱུ་དང་། བྱ་དགའ་སྤྲོད་པའི་མ་དངུལ་ད་ལྟ་ལག་ལེན་བསྟར་བཞིན་པའི་ཐབས་ལམ་ནས་ཐག་གཅོད་བྱེད་དགོས།

དོན་ཚན་ཉེར་དྲུག་པ། ས་རྒོད་དུ་ནགས་བཟོ་འགན་གཙང་ལེན་མཁན་ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ལ་ནགས་བཟོའི་ས་ཆར་གཟི་བརྗིད་བྱང་བུ་བཟོས་ནས་ནགས་བཟོ་སྔོ་འགྱུར་གྱི་མིང་འགོད་དབང་ཆ་སྤྲོད་དགོས།

དོན་ཚན་ཉེར་བདུན་པ། སྤྱི་ཚོགས་ཀྱིས་ཞལ་འདེབས་ཕུལ་བའི་མ་དངུལ་གྱིས་ནགས་བཟོ་སྔོ་འགྱུར་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་ཀྱིས་ཞལ་འདེབས་ཕུལ་བའི་མ་དངུལ་སྤྱི་འདོམས་བྱས་ནས་ལས་གྲྭ་འདིའི་འཛུགས་སྐྲུན་ལ་སྤྱོད་རྒྱུ། ཞལ་འདེབས་དངུལ་གྲངས་སྒོར་ཁྲི1(ཚུད་པ)ནས་ཁྲི10(ཚུད་པ)བར་གྱི་མི་སྒེར་དང་། ཞལ་འདེབས་དངུལ་གྲངས་སྒོར་ཁྲི10(ཚུད་པ)ནས་ཁྲི100(ཚུད་པ)བར་གྱི་ཁེ་ལས་ལ་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲོད་རྒྱུ། ཞལ་འདེབས་དངུལ་གྲངས་སྒོར་ཁྲི་10(ཚུད་པ)ཡན་གྱི་མི་སྒེར་དང་སྒོར་ཁྲི་100(ཚུད་པ)ཡན་གྱི་ཁེ་ལས་ལ་ཞལ་འདེབས་ཕུལ་བའི་ནགས་བཟོའི་ས་ཆར་གཟི་བརྗིད་མཚན་སྙན་གྱི་བྱང་བུ་བཙུགས་ཏེ་ནགས་བཟོ་སྔོ་འགྱུར་གྱི་མིང་འགོད་དབང་ཆ་སྤྲོད་དགོས།

དོན་ཚན་ཉེར་བརྒྱད་པ། ས་རྒོད་དུ་ནགས་བཟོ་འགན་གཙང་ལེན་མཁན་ཁེ་ལས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སོགས་ལ་ལོ་འཁོར་གྱི་དཔྱད་བསྡུར་བྱས་ཏེ་ལོ་ལྔ་རེར་ཕྱོགས་སྡོམ་དང་གཟེངས་བསྟོད་བྱེད་དགོས།

ལེའུ་ལྔ་པ། ཞར་བྱུང་དོན་ཚན་སྐོར།

དོན་ཚན་ཉེར་དགུ་པ། སྲིད་ཇུས་འདིའི་བྱེད་ཐབས་ལ་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང(རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས)གིས་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་དགོས།

དོན་ཚན་སུམ་ཅུ་པ། སྲིད་ཇུས་དང་བྱེད་ཐབས་འདི་བཀྲམ་པའི་ཉིན་ནས་བཟུང་ལག་ལེན་བསྟར་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།