ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མངགས་བཅོལ་ཟབ་མོ་དང་ལོ་རྒྱུས་བློ་ལ་བརྟན་པོར་བཅངས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་བ།

ཡོང་ཁུངས། : བོད་ལྗོངས་འཕྲིན་དྲ།     སྤེལ་དུས། : 2022-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་མཐོའི་ས་ཕྱོགས་གང་སར་དཔྱིད་དཔལ་རབ་ཏུ་བཞད་ཅིང་། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་ཞུས་པ་རེད།

ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཆུས་ཁག་དང་ཚན་པ་ཁག་གིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི”མཛད་སྒོ་དུས་གཅིག་ཏུ་འཚོགས་ཤིང་། བརྗིད་ཉམས་ལྡན་པའི་རྒྱལ་གླུའི་འགྱུར་ཁུག་དང་བསྟུན་ནས་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ནས་རླུང་ཕྱོགས་དང་བསྟུན་ཏེ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས། ལོ་63རིང་གི་སྒྱུར་བཅོས་འཕེལ་རྒྱས་ནི་གཞིས་རྩེའི་ལོ་རྒྱུས་ཐོག་གི་འཕོ་འགྱུར་ཆེན་པོ་དང་མཆོང་སྐྱོད་ཆེན་པོའི་དུས་སྐབས་ཡག་ཤོས་ཤིག་རེད། 2022ལོར་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་དམངས་ཆེད་ཀྱི་དམིགས་ཡུལ་ལག་བསྟར་བྱེད་པ། “འཛུགས་གཏོད་བཞིའི”སྣེ་ཁྲིད་དམག་བྱེད་ཕོད་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བརྗོད།

གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གཉའ་ནང་མཐའ་མཚམས་དོ་དམ་རུ་ཆེན་གྱི་ཏང་ཀྲི་པུའུ་ཁག་གིས་བྱེད་ཐབས་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲན་གསོའི་བྱེད་སྒོ་སྤེལ་ཞིང་། རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་མང་ཚོགས་དང་མཉམ་དུ་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱས་ཡོད། འགྲམ་ཁུལ་གསར་བཀོད་སྒྲིག་བྱ་ཡུལ་གྱི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་མཉམ་དུ《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་བཏང་བ་དང་། གཉའ་ནང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚོས་མཐུན་སྒྲིལ་དང་སྤྲོ་སྣང་ལྡན་པའི་སྒོར་གཞས་འཁྲབ་ནས་བདེ་སྐྱིད་ལྡན་པའི་དུས་རབས་གསར་པར་བསྟོད་གླུ་ཕུལ་བ་རེད།

ཚེས་26དང་27ཉིན་ཉིང་ཁྲི་གྲོང་ཁྱེར་གྱིས་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཞོལ་པ་གྲོང་ཚོ་དང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་ཞུ་བའི་མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། སྙན་འཇེབས་ལྡན་པའི་གླུ་དབྱངས་དང་སྤྲོ་སེམས་འཁོལ་བའི་ཞབས་བྲོའི་སྟངས་སྟབས་ལ་དེ་གར་ཡོད་པའི་ལྟད་མོ་བ་ཚོའི་དགའ་བསུ་ཡང་ཡང་ཐོབ། འཁྲབ་སྟོན་བལྟས་རྗེས་གྲོང་མི་རྡོ་རྗེས་སེམས་འགུལ་ཐེབས་བཞིན“འདི་ལོ་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བའི་ལོ་ཞིག་རེད། ལོ་63རིང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་ང་ཚོའི་འཚོ་བའང་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡོད། ང་ཚོས་སེམས་གཏིང་ནས་ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

ཚེས་28ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་བཅིངས་འགྲོལ་ཐང་ཆེན་དུ་འཛོམས་ནས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་གཉེར་བ་རེད། རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་མཁན་ཏང་ཡོན་ལས་བྱེད་པ་ཚོས་ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་ཏང་གི་བཀའ་དྲིན་མི་བརྗེད་པར་ད་ལྟའི་མཛེས་སྡུག་ལྡན་པའི་འཚོ་བར་དེ་བས་གཅེས་སྤྲས་བྱས་ཏེ་རང་རྟོགས་ངང་བརྟན་ལྷིང་སྲུང་སྐྱོང་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་དུས་རབས་གསར་པའི་ཆབ་མདོ་དར་རྒྱས་གོང་འཕེལ་གྱི་ལེའུ་གསར་པ་བརྩམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཆབ་མདོ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གཉིས་པར་དགེ་སློབ་ཡོངས་ཀྱིས་སྙན་ངག་གྱེར་འདོན་དང་། གླུ་གཞས་འགྲན་བསྡུར། ནག་པང་ཚགས་པར་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་ཞུས་ཤིང། སློབ་མ་ནོར་བུ་དོན་གྲུབ་ཀྱིས“དེ་རིང་གི་བྱེད་སྒོ་སྤེལ་བ་བརྒྱུད་ང་ལ་སློབ་གསོ་ཆེན་པོ་ཐེབས་བྱུང་། ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་འབྱུང་འགྱུར་མེས་རྒྱལ་དང་ཕ་ཡུལ་ཆེད་ལེགས་སྐྱེས་མང་ཙམ་འབུལ་རྒྱུ་ཡིན”ཞེས་བརྗོད།

ཚེས་28ཉིན་གྱི་སྔ་དྲོ་མངའ་རིས་ས་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་ཞང་ཞུང་རིག་གནས་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་གཉེར་ཞིང་། མངའ་རིས་ས་ཁུལ་བདེ་སྐྱིད་ཁང་གསར་གྱི་ཞིང་འབྲོག་མང་ཚོགས་ཉི་མ་དོན་གྲུབ་ཀྱིས་གསར་འགོད་པར“དེ་རིང་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། སྔོན་མ་ང་ཚོར་ནད་གཞི་ཕོག་ན་སྨན་པ་བསྟེན་དཀའ་ལ། འཚོ་བའང་ཁག་པོ་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ང་ཚོ་ཐོག་བརྩེགས་ཅན་གྱི་སྡོད་ཁང་གསར་པར་སྤོས་པ་མ་ཟད། དུད་ཚང་ཚང་མར་ཆུ་དང་གློག་ཡོད་ལ་སྨན་བཅོས་འགན་སྲུང་ཐུབ་པས་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཏང་དང་སྲིད་གཞུང་གིས་ང་ཚོར་སེམས་ཁུར་དང་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་བྱུང་།

“གྲང་ངར་ཆེ་བའི་དགུན་དུས་བརྒྱུད་ཚེ་གཞི་ནས་དཔྱིད་ཀྱི་དྲོ་སྐྱིད་ཚོར་ཐུབ། དཀའ་སྡུག་བརྒྱུད་མྱོང་བའི་མིས་གཞི་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་སྲིད”ཟླ་3ཚེས་25ཉིན་གྱི་ཕྱི་དྲོ། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་ཞུ་བའི་དགེ་སློབ་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཚོགས་ཞུགས་དགེ་སློབ་ཀྱི་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས་ཏང་གི་འགོ་ཁྲིད་ལ་ཐུགས་རྗེ་ཆེ་ཞུ་བ་དང་བདེ་སྐྱིད་ལྡན་པའི་འཚོ་བར་བསྔགས་བརྗོད་བྱས་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མ་པད་མ་དབྱངས་སྐྱིད་ཀྱིས“ང་ཚོ་དུས་རབས་ཧ་ཅང་ཡག་པོ་ཞིག་ཏུ་སྐྱེས་ཡོད། ཏང་གི་ཐུགས་ཁུར་འོག་ང་ཚོར་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་ཁང་དང་སློབ་གསོའི་ཁོར་ཡུག་བཟང་པོ་ཞིག་ཡོད། ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་འཇོན་ཐང་ལྡན་པའི་མི་ཞིག་བྱས་ཏེ་གཞོན་ནུའི་འོས་འགན་དང་འགན་འཁྲི་འཁུར་རྒྱུ་ཡིན”ཞེས་བརྗོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།