ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ63འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཚེས་28ཉིན་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། ལས་བྱེད་པ། སློབ་མ་བཅས་དང་དེ་བཞིན་རང་རེའི་ཏང་དང་སྐྱིད་སྡུག་མཉམ་མྱོང་དང་འབད་འབུངས་མདུན་སྐྱོད་བྱེད་མཁན་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་མི་སྣ། ལས་བྱེད་པ་རྒན་གྲས། འཐབ་འཛིང་བ་རྒན་གྲས། བློ་མཐུན་རྒན་གྲས། བྱས་པ་ཅན་རྒན་གྲས། དཔེ་བཟང་བ་རྒན་གྲས་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཞིབ་ཚགས་པའི་གྲངས་གཞི་དང་གསོན་ཉམས་དོད་པའི་དཔེ་མཚོན་ལ་བརྟེན་ནས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཕྱིར་དྲན་གནང་བ་རེད།

ཀྲོང་ཡན་གྱིས་ནན་བཤད་གནང་དོན། འདི་ལོ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་མཁན་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་འཛུགས་ལོ་ཡང་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལྷག་བསམ་ཟོལ་མེད་ངང་ལག་བསྟར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་བྱམས་སྐྱོང་ཆེན་པོར་མྱོང་ཚོར་གཏིང་ཟབ་ཐུབ་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་ལ་ཤེས་ཚོར་གང་ལེགས་ཐུབ་པ་བཅས་བྱས་ཏེ། བྱ་སྤྱོད་ངོ་མར་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་ཞུ་དགོས། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན། བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་བ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཟབ་ཏུ་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་ངོ་མར་བརྟེན་ནས་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ཡི་ལས་དོན་ལ་ཧུར་ཐག་ཞུགས་ཏེ་བདག་པོའི་ནུས་པ་འདོན་པ་དང་། དམངས་ཀྱི་རེ་འདོད་གོང་ཞུ། ཐབས་འདོན་ཇུས་འབུལ་ཧུར་ཐག ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ། བྱ་སྤྱོད་ངོ་མར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས། དད་སེམས་བརྟན་དུ་བཏང་ནས་དྲིན་ཚོར་མདུན་སྐྱོད་དང་། འབད་འབུངས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ། བསམ་བློའི་ཞུན་བརྡར་ལ་རང་རྟོགས་ངང་ཤུགས་སྣོན། ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། ཉམས་སད་ཐེག་པའི་སྤྱོད་ཚུལ་རྒྱུད་ལ་འཇགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ཁག་དོན་འཁྱོལ་ཞིབ་ཕྲ་བཅས་བྱས་ཏེ། བྱ་སྤྱོད་ངོ་མར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

བཞུགས་མོལ་ཚོགས་འདུའི་ཐོག་ཡར་ལངས་ཞིང་བྲན་གྱི་རྗེས་རབས་པའི་འཐུས་མི་བྱམས་པ་བཀྲ་ཤིས་དང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཏུན་ཝང་དང་། ཅ་ཧྲུའུ་ཡཱ། པ་སངས་སྒྲོལ་མ། དགྲ་འདུལ་བཅས་ཀྱིས་རང་ཉིད་ཀྱི་མྱོང་བ་དངོས་དང་མྱོང་ཚོར་ཟབ་མོ་བརྒྱུད་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་རྙིང་རུལ་དམར་རྗེན་དུ་བཏོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རླབས་ཆེན་འཕོ་འགྱུར་ལ་སྤྲོ་སེམས་ཆེན་པོས་བསྟོད་གླུ་ཕུལ་ཏེ། “གཏན་འཁེལ་གཉིས”ལ་བློ་གཅིག་སེམས་གཅིག་ངང་གོང་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།