ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་དམངས་འཚོ་འགན་ལེན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་དུ་རྩམ་ཕུད་གཏོར་བ་དང་། མཆོད་ཆང་འདྲེན་པ། ཁ་བཏགས་གཡོག་པ་སོགས་བྱས་ནས་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་གྱི་རྨོད་གཉའ་གཅོག་པའི་མཛད་སྒོ་སྤེལ་བཞིན་མཆིས། འདྲུད་འཐེན་འཕྲུལ་འཁོར་བང་བསྒྲིགས་ནས་ཞིང་ནང་དུ་བསྐྱོད་དེ་ས་ཞིང་རྨོ་བ་དང་ནས་ཀྱི་ས་བོན་བཏབ་ནས་ལོ་ལེགས་ལ་རེ་སྒུག་བྱེད་བཞིན་ཡོད།

1936ལོར་སྐྱེས་པའི་བགྲེས་སོང་བཀྲ་ཤིས་ཀྱི་ངོས་ནས་བརྗོད་ན་ད་ལྟའི་འཚོ་བ་འདི་ལྟ་བུ་ནི་དེ་སྔོན་བསམ་ཡང་མི་ཕོད་པ་ཞིག་རེད། ཆུང་དུས་ཞིང་བྲན་ཡིན་པའི་ཁོང་བྲན་གཡོག་བདག་པོའི་ཕྱུགས་རྫིར་བསྐྱོད་དགོས་ལ། ཕ་མ་དང་མཉམ་དུ་བ་ཚང་ནང་སྡོད་པ་དང་གཟན་ཁང་དུ་ཉལ་དགོས་ཀྱི་ཡོད།

1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཤིང་། ལོ་དེའི་ཟླ་7པར་ཁེ་གསུམ་གྲོང་ཚོའི་ཞིང་པ་433གྱིས་བོད་ཀྱི་ཞིང་པའི་མཐུན་ཚོགས་དང་པོ་དེ་བཙུགས་པ་རེད། དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་ཁྲོད་བཀྲ་ཤིས་ལ་ས་ཞིང་དང་ནོར་ལུག་ཐོབ་པ་དང་གཉེན་སྒྲིག་བྱས་ནས་ཕྲུ་གུ་ཡང་སྐྱེས་ཏེ་ཡར་ལངས་བཅིངས་འགྲོལ་ཐོབ་པའི་འཚོ་བ་སྐྱིད་པོ་སྐྱེལ་འགོ་ཚུགས།

དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་ཡར་ལངས་ཞིང་བྲན་ལ་རང་ཉིད་ཀྱི་ས་ཞིང་དང་། ཞིང་ལས་ཡོ་བྱད། ཕྱུགས་རིགས་སོགས་ཐོན་སྐྱེད་རྒྱུ་ཆ་ཐེངས་དང་པོ་རག་ནས་བོད་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་རེད། 2021ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་106.5ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་3.63འཕར་ནས་ལོ་7བསྟུད་མར་ཐོན་འབབ་ཏུན་ཁྲི་100ཡན་བརྟན་པོ་བྱུང་བ་དང་། བོད་ལྗོངས་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་རྨོ་འདེབས་རྔ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་66.1%ཟིན་ཡོད་པ་རེད།

ད་ཆ་བོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དུ་མཛེས་ཤོས་ནི་སློབ་གྲྭ་དང་ཨར་སྐྲུན་ཡག་ཤོས་ནི་སྨན་ཁང་ཡིན་ཞིང་། ཕྱོགས་ཡོངས་ཀྱི་དམངས་འཚོའི་འགན་ལེན་ཡོད་པས་ཞིང་འབྲོག་པའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གྲོང་ནས་ཐོན་ཏེ་རི་བོའི་འདབས་སུ་བསྐྲུན་པའི་སྣུམ་ནག་གཞུང་ལམ་བརྒྱུད་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་གངས་རི་བརྒལ་ཏེ་མུ་མཐུད་བསྐྱོད་ཚེ་ས་བབ་མཐོ་ཚད་སྨི་2700ཟིན་པའི་མཐའ་མཚམས་ཤང་བསྟི་ཡག་ཏུ་སླེབས་ཀྱི་ཡོད།

“ད་ཆ་ང་ཚོར་སློབ་མ་40ཡོད། དེའི་ནང་སྐད་གཉིས་བུ་བཅོལ་ཁང་དང་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ཚུད་ཡོད། རྒྱ་ཡིག་དང་། བོད་ཡིག ཨང་རྩིས་ཕུད། དེ་མིན་གྱི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཀྱི་སློབ་གསོ་ཡང་ཆ་ཚང་མྱོང་ཐུབ་ཀྱི་ཡོད” རྩྭ་མདའ་རྫོང་བསྟི་ཡག་ཤང་སྐད་གཉིས་བུ་བཅོལ་ཁང་གི་དགེ་རྒན་ཟླ་སྒྲོན་གྱིས་ཤང་གི་སློབ་ལོ་ལོན་པའི་བྱིས་པ་ཚང་མ་སློབ་གྲྭར་ཞུགས་ཐུབ་ཡོད་ཅེས་བརྗོད།

《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་1951ལོ་ནས་2020ལོའི་བར་རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར་2239.65བཏང་ནས་བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་སློབ་གསོའི་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་བ་འཁོད་ཡོད།

ཀྲེ་ཅང་དབུན་ཀྲོའུ་ཡི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་རུ་ཁག་གི་སྨན་པ་ཤེ་ལིན་ཆིན་གྱི་ངོས་ནས་བརྗོད་ན། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ནི་ཁོང་གི“ཕ་ཡུལ་གཉིས་པ”ཡིན་པ་རེད། ལོ་གཅིག་ལྷག་ཙམ་རིང་ཁོང་གིས་རུ་སྣེ་ཁྲིད་དེ་ལྷ་རི་རྫོང་མི་དམངས་སྨན་ཁང་གི་ཕོ་ཤེལ་བརྟག་དཔྱད་ལྟེ་གནས་བཙུགས་པ་དང་འབྲེལ་སྦྲིད་སྨན་བརྒྱབ་རྗེས་ཕོ་བར་བརྟག་དཔྱད་དང་། སྦྲུམ་མའི་ལྟོ་བ་གཤགས་ནས་ཕྲུ་གུ་བཙའ་བའི་གཤགས་བཅོས་དང་པོ་བྱས་ཏེ་ཕྱི་བཅོས་ཚན་ཁག་དང་སྦྲིད་སྨན་ཚན་ཁག་གི་ལག་རྩལ་གྱི་དཀའ་གནད་བསལ་ཡོད།

ལྷ་རི་རྫོང་ནི་ནག་ཆུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་དེ་སྔ་སྨན་བཅོས་ཀྱི་རྨང་གཞི་སྐྱོ་པོ་ཡོད། ད་ཆ་ས་གནས་དེ་གའི་སྨན་བཅོས་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག་ཞབས་ཞུའི་ནུས་པ་ཡང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ལྷ་རི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོའུ་ཅན་ཆིང་གིས། བོད་སྐྱོར་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག་ལྷ་རི་མང་ཚོགས་དེ་བས་མང་བས་ས་གནས་དེ་གར་ནད་ལྟ་ཐུབ་པ་དང་སྨན་བཅོས་ཡག་པོ་བྱེད་ཐུབ་ཀྱི་ཡོད་པས། རྫོང་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་ཁང་ལ་ཡོང་མཁན་མི་ཐེངས་དང་སྨན་ཁང་དུ་སྡོད་པའི་མི་ཐེངས་50%མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ལྷ་རིའི་འགྱུར་ལྡོག་ནི་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་བྱུང་བའི་བསྡུས་རིས་ཤིག་རེད། 2021ལོའི་ལོ་མཇུག་བར་རྒྱལ་ཡོངས་ས་གནས་ཁག་གི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་པ་1309སྔ་རྗེས་སུ་བོད་དུ་ཡོང་ནས་སྨན་བཅོས་ལག་རྩལ་དང་། ལམ་ལུགས། བརྒྱུད་རིམ། སྤྱོད་ཚུལ་བཅས་ས་མཐོར་ཁྱབ་གདལ་བཏང་ཡོད། 2021ལོར་བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19ཟིན་པ་དེ་ལོ་གོང་མ་ལས་ལོ་1.09མཐོ་རུ་ཕྱིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

“དེ་སྔ་འབྲི་གཡག་ཇི་ཙམ་མང་ན་དེ་ཙམ་ཡག་པོ་རེད་སྙམ་ནས་གྲངས་འབོར་དང་སྤུས་ཚད་ལ་དོ་སྣང་བྱེད་ཀྱི་མེད”ཅེས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཟིན་པའི་རྩྭ་ཐང་དུ་ནོར་ཁྱུ་འཚོ་བཞིན་པའི་སྙིང་གྲོང་ཤང་སྟོད་གླིང་གྲོང་ཚོའི་འབྲོག་པ་ཆོས་དགའ་ཡིས་དེ་ལྟར་བརྗོད།

“གསོ་ཚགས་བྱེད་ཚད་ཚོད་འཛིན་དང་འབྲི་གཡག་གི་ཐོན་རྫས་རིན་ཐང་མཐོ་རུ་བཏང་བ་བརྒྱུད་རྫོང་དེ་ཡོངས་ཀྱི་རྩྭ་ཕྱུགས་དོ་སྙོམས་རིམ་བཞིན་ལེགས་སུ་ཕྱིན་ནས་རྩྭ་ཐང་སླར་གསོ་ཡག་པོ་བྱུང་ཡོད”ཅེས་འདམ་གཞུང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་བསོད་ནམས་རྡོ་རྗེས་དེ་ལྟར་ངོ་སྤྲོད་བྱས་པ་དང་། ཁོང་གིས་རྩྭ་ཐང་སྲུང་སྐྱོང་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འདམ་གཞུང་རྫོང་གི་འབྲི་གཡག་ཐོན་ལས་དེ“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10ཟིན་པ་བྱ་རྩིས་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།