ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་སློབ་གསོ་དང་། སྨན་བཅོས། སྡོད་ཁང་། ལས་ཞུགས་སོགས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད99%ཟིན་པ་དང་། རོང་འབྲོག་པ་ཁྲི69.3སྤོ་སྒྱུར་ལས་ཞུགས་བྱས་པ། པྲོག་གསར་རིམས་འགོག་སྨན་ཁབ་རིན་མེད་ངང་མི་ཐེངས་ཁྲི700ལྷག་བརྒྱབ་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ72.19བར་ཇེ་མཐོར་ཕྱིན་པ། ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་མཇུག་རྩིས་རྒྱག་ཆོག་པ། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གཞིིའི་སྡོད་ཁང་ཁྲི1.12བསྐྲུན་པ་སོགས་ནི2021ལོའི་བོད་ལྗོངས་ཀྱི་དམངས་འཚོའི་རྒྱུགས་ལན་རེད། དམངས་འཚོ་ཇེ་ལེགས་སུ་ཕྱིན་པས་མཐོ་སྒང་གི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་ལ་སྔར་བས་འགན་ལེན་ཡོད་པར་གྱུར་ཡོད།

ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་རྣམ་པ་གསར་གཏོད་དང་ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྔ་རྗེས་སུ་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ24བཏོན་ནས། སྲིད་ཇུས་མ་ལག་འཐུས་ཚང་གི་འདེགས་སྐྱོར་འོག བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ཁྲོམ་རའི་ལས་ཞུགས་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ལས་ཞུགས་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། ལས་རིགས་རྩལ་ནུས་གསོ་སྦྱོང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་མངོན་གསལ་དོད་པོ་བྱུང་བ། དཀའ་ངལ་ཡོད་པའི་ཚོགས་སྤྱིས་ལས་ཞུགས་ཀྱི་ཚད་མཐའ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ལས་ཞུགས་གསོ་སྦྱོང་གིས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པ་དང་ལས་གཏོད་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་པའི་རྣམ་པ་རིམ་བཞིན་ཆགས་ཡོད།

ལས་ཞུགས་བརྟན་པོ་བྱུང་བ་དེས་མཐོ་སྒང་གི་མི་རིགས་སོ་སོའི་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་ཕྱིན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་བཅོས་མཐོར་འདེགས་སུ་ཕྱིན་པ་དག་གིས་ཚང་མས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་བསྐངས་ཡོད།

ན་ནིང་གི་ཟླ6པར། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་མགོ་ཚུགས་པ་དེས་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་དེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ཚང་མར་ཁྱབ་པ་མཚོན་ཡོད། ད་ལྟ་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལ་བསྡད་ནས་ཕྱིར་སྐྱོད་པ་དེ་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི། གཞིས་ཀ་རྩེ་སོགས་ཀྱི་མང་ཚོགས་ཀྱི་གདམ་ག་གལ་ཆེན་ཞིག་ཏུ་གྱུར་ཡོད།

ལྷ་ཉིང་ལྕགས་ལམ་ཕུད། ན་ནིང“འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ”ཏེ་ནག་ཆུ་ནས་ལྷ་སའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་དང་། བོད་ལྗོངས་ཀྱི་རིམ་པ་དང་པོ་དང་དེའི་ཡན་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ1105ཟིན་པ། ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི12ལྷག་ཟིན་ཡོད། ད་ལོར། བོད་ལྗོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་མ་དངུལ་སྒོར་དུང་ཕྱུར216.01བཏང་ནས། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་སྤྱི་ལེ607དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ1799གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྩིས་ཡོད་པ་དང་། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་བདེ་བགྲོད་ཐུབ་ཚད་སོ་སོར95%དང79%ཟིན་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་སོ་སོར73.7%དང45%སླེབས་པར་བརྩོན་ལེན་བྱ་རྒྱུ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། དམངས་འཚོའི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་མགྱོགས་པོ་བྱུང་ནས། བོད་ལྗོངས་ཀྱི་སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་དམངས་འཚོའི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་སྟེ། གངས་ལྗོངས་མཐོ་སྒང་འདི་ཉིད་མི་རིགས་སོ་སོའི་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བཞིན་ཡོད། དེང་སྐབས། བོད་ལྗོངས་སུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ལ་ཁྱབ་པའི་དེང་རབས་སློབ་གསོའི་མ་ལག་བཙུགས་ཡོད་པ་དང་། སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་། ནད་ཡམས་འགོག་སྡོམ། བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཀྱི་ཞབས་ཞུའི་མ་ལག་བཙུགས་པ། ནད་གཞི་ཆེ་གྲས400ལྷག་བོད་ལྗོངས་སུ་སྨན་བཅོས་ཐུབ་པ་བཅས་བྱས་པས། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་སྙིང་ནད། ལིང་གྲིབ་སོགས་བོད་ལྗོངས་སུ་འབྱུང་སླབ་བའི་ནད་གཞི་མང་པོ་ཞིག་ལོ་རྒྱུས་རང་བཞིན་གྱི་གཙང་སེལ་དང་སྨན་བཅོས་ཐུབ་ཡོད། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ད་དུང་རོང་འབྲོག་པ་བདེ་སྡོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་ལེན་སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་ལས་གཞི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ཤིང་། 2020ལོར་བོད་ལྗོངས་ཀྱི་རོང་འབྲོག་པ་མི་རེར་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ41.46ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་མི་རེར་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ33.4ཡོད་པས། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཆེས་ཆེར་འཕར་ཡོད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།