བོད་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་པོ་བྱས་ཏེ་རྒན་གསོའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། རྒན་རྒོན་གྱི་ཕན་བདེའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་ལས་དོན་དེ་ལེགས་ཆ་བརྟན་གཏོང་ངང་འཕེལ་རྒྱས་དང་ཞན་ཆ་སེལ་བའི་ངང་འཚོལ་ཞིབ་ཐུབ་པ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་སྒོར་དུང་ཕྱུར་30ལྷག་ཙམ་བཏང་ནས“གཅིག་སྡུད་གཉིས”ཀྱི་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་ཐོག རིམ་རྩིས་བྱས་ན། ལྗོངས་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་2.32བཏང་ནས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་28སྒྱུར་བཀོད་རྒྱས་སྐྲུན་དང་ཉམས་བཟོ་སྒྱུར་བཀོད་བྱས་ཏེ་གསོ་རླུང་དྲོད་རླངས་མཁོ་སྤྲོད་དང་། མེ་ཟོན། ལྡིར་སོ་སྤྲོས་ཆས། སྐྱེ་ཁམས་ཉི་འོད་ཁང་པ་སོགས་མང་དུ་བཏང་བས། གཅིག་སྡུད་བསྙེན་བཀུར་ཞུ་ཡུལ་གྱི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཧ་ཅང་ལེགས་སུ་ཕྱིན་ཡོད།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གྲངས་གཞི་ལས། རང་ལྗོངས་སུ་ལོ་50ནས་59བར་གྱི་མི་འབོར་ཁྲི་40.16ཡོད་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་11.01%བཟུང་བ་དང་། ལོ་60ཡན་གྱི་རྒན་རྒོན་ཁྲི་31.08ཟིན་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་8.52%བཟུང་བ་མངོན་པས། རྒན་གསོའི་གནད་དོན་ལ་མི་སེར་ཚོས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད།

ལྗོངས་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་དོན་དངོས་ལ་གཞིགས་ནས་རང་སྐྱོང་ལྗོངས་ཀྱི་རྒན་གསོའི་ཞབས་ཞུའི་མཉམ་ཞུགས་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དང《རྒན་གསོའི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སྔ་རྗེས་སུ་བཀྲམ་པ་མ་ཟད། ལྗོངས་དམངས་སྲིད་ཐིང་གིས《གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་ལ་གཅེས་སྐྱོང་དང་ཞབས་འདེགས་ཞུ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》 《སྡེ་ཁུལ་གྱི་ཉིན་མོར་རྒན་རྒོན་ལྟ་རྟོག་ལྟེ་གནས་གཉེར་སྐྱོང་དོ་དམ་གྱི་བྱ་ཐབས》 《གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་འཛུགས་སྐྲུན་དོ་དམ་གྱི་མཛུབ་ཁྲིད་བསམ་འཆར》 《རྒན་གསོའི་ཞབས་ཞུའི་ཁ་གསབ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཀྱི་ཡིག་ཆའང་སྔ་རྗེས་སུ་བཀྲམ་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་སྲིད་ཇུས་ཀྱི་སྒྲོམ་གཞིའི་མ་ལག་ཅིག་རགས་ཙམ་ཆགས་ཐུབ་ཡོད།

ལྗོངས་ཡོངས་སུ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80དང་ཉལ་ཁྲི་10740ཡོད་པས་མི་6644ལ་གཅིག་སྡུད་བསྙེན་བཀུར་ཞུ་ཐུབ་ནས་དང་ལེན་བྱེད་མཁན་ལ་གཅིག་སྡུད་བསྙེན་བཀུར་དང་མི་100%ལ་གཅིག་སྡུད་བསྙེན་བཀུར་བྱེད་པའི་དམིགས་ཚད་མུ་མཐུད་ནས་མངོན་འགྱུར་བྱུང་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། གཅིག་སྡུད་བསྙེན་བཀུར་བྱ་ཡུལ་གྱི་བསྙེན་བཀུར་དང་གཉེར་སྐྱོང་འགན་ལེན་འགྲོ་གྲོན་སྒོར་དུང་ཕྱུར་10.21སྤྲད་པ་དང་། གཅིག་སྡུད་བསྙེན་བཀུར་གྱི་ཚད་གཞི་དེ་2016ལོར་མི་རེར་ལོ་རེར་སྒོར་9984ནས་2021ལོར་མི་རེར་ལོ་རེར་སྒོར་14196བར་མཐོ་རུ་བཏང་བ་དེ་རིམ་རྩིས་བྱས་ན་70%འཕར་བ་དང་། ཁ་ཐོར་བསྙེན་བཀུར་བྱ་ཡུལ་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་བསྙེན་བཀུར་ཚད་གཞི་དེ་2016ལོར་མི་རེར་ལོ་རེར་སྒོར་4740ནས་2021ལོར་མི་རེར་ལོ་རེར་སྒོར་7590བར་མཐོ་རུ་བཏང་བ་དེ་རིམ་རྩིས་བྱས་ན་60%འཕར་ཡོད་པ་རེད།

2021ལོའི་ལོ་མཇུག་བར། རིམ་རྩིས་བྱས་ན། དཀའ་ངལ་ཡོད་པའི་རྒན་རྒོན་དང་ལོ་ན་མཐོ་བའི་རྒན་རྒོན་ཁྲི་3.95ལ་སྒོར་ཁྲི་2588ཟིན་པའི་“རོགས་དངུལ་ཁག་གཉིས”སྤྲད་དེ་སྲིད་གཞུང་གིས་ཐ་སྐྱོང་བྱ་ཡུལ་དམིགས་བསལ་ཚོགས་སྤྱིར་རྒན་གསོའི་ཞབས་ཞུའི་འགན་ལེན་ནུས་ལྡན་བྱས་ཡོད།

དེ་དང་དུས་མཚུངས་ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི་150བཏང་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་ས་ནས་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་ཉོས་ཏེ། སྡེ་ཁུལ་ལས་སྟེགས་སུ་བྱེད་པ་དང་། སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་ལ་བརྟེན་པ། ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་དང་བླངས་ཞབས་ཞུའི་ཚོགས་པ་ཞུགས་པ་བཅས་ཀྱི་སྒོ་ནས་ཁྲེང་ཀོན་ཆུས་དང་། ལྷུན་གྲུབ་རྫོང་། སྟག་རྩེ་ཆུས། ཆུ་ཤུར་རྫོང་བཅས་ཀྱི་རྒན་རྒོན་ཁེར་སྡོད་དང་། ལོ་ན་མཐོ་བ། ནུས་ཤུགས་མེད་པ་738ལ་སྨན་བཅོས་བྱེད་པ་དང་། ཁ་ལག་བཟོ་བ། གཙང་སྦྲ་བྱེད་པ། བཙོག་གཅིན་གཏོང་བར་ཁྲིད་པ། གཟུགས་པོ་འཁྲུད་རོགས་བྱེད་པ། སེམས་གསོ་གཏོང་བ་སོགས་ཀྱི་ཞབས་འདེགས་ཞུས་ཡོད།

2021ལོའི་ལོ་མཇུག་བར། རིམ་རྩིས་བྱས་ན། སྒོ་རྩར་ཞབས་ཞུ་ཐེངས་ཁྲི་10ལྷག་ཙམ་ཞུས་པ་དང་། ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་ནས་སྒོར་ཁྲི་42བཏང་སྟེ་རྒན་རྒོན་གྱི་གཞི་རྩའི་ཆ་འཕྲིན་འཚོལ་བསྡུ་དང་རྒན་གསོའི་ཞབས་ཞུའི་དགོས་མཁོར་བརྟག་དཔྱད་བྱས་ཏེ་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་གྲངས་གཞིའི་མཛོད་བཙུགས་ཡོད།

བོད་ཀྱི་ཁྱད་ཆོས་ལྡན་པའི“ཁྱིམ་སྡོད་དང་སྡེ་ཁུལ་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་དང་ལུས་གསོ་ཟུང་འབྲེལ”གྱི་རྒན་གསོའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་དམིཌ་ནས། རིམ་རྩིས་བྱས་ན་སྒོར་དུང་ཕྱུར་3.38བཏང་སྟེ་ཉིན་མོར་རྒན་རྒོན་ལྟ་རྟོག་ལྟེ་གནས་59བཙུཌ་ཤིང་། རིམ་རྩིས་བྱས་ན། རིགས་ཁག་གི་ཚོད་ལྟ་བྱ་ཡུལ་ལ་འགྲོ་གྲོན་སྒོར་དུང་ཕྱུར་1.3བཏང་ནས་སྤྱི་ཚོགས་ཅན་དུ་འགྱུར་བའི་རྒན་གསོ་ཞབས་ཞུའི་ཚོད་ལྟའི་ལས་དོན་ཁག་ལ་རིམ་བཞིན་སྐུལ་འདེད་བཏང་ཡོད།

2018ལོ་ནས་བཟུང་། བོད་ལྗོངས་ཀྱི་དམངས་སྲིད་ཐིང་གིས་ཧྥུའུ་ཁང་སྨན་ཁང་དང་མཉམ་དུ་ལྗོངས་ཡོངས་ཀྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཚོད་ལྟའི་ལྟེ་གནས་དང་པོ་དེ་བཙུགས་རྗེས། ལྷ་ས་གྲོང་ཁྱེར་གྱིས་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཚོད་ལྟ་དང་ནག་ཆུ་གྲོང་ཁྱེར་གྱིས་རྒན་རྒོན་གྱི་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་ཚོད་ལྟ་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒན་གསོའི་ཞབས་ཞུའི་མཛུབ་ཁྲིད་ལྟེ་གནས་ཚོད་ལྟ་བྱ་ཡུལ་བཙུགས་པ། ལྷོ་ཁ་གྲོང་ཁྱེར་གྱིས་ཉིན་མོར་རྒན་རྒོན་ལྟ་རྟོག་ལྟེ་གནས་ལས་གཉེར་ཚོད་ལྟ་བྱས་པ་སོགས་སྤྱི་ཚོགས་ཅན་དུ་འགྱུར་བའི་རྒན་གསོའི་ཞབས་ཞུའི་ཚོད་ལྟའི་བྱ་བ་རབ་དང་རིམ་པར་ཕན་འབྲས་ངེས་ཅན་ཐོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།