བཀྲ་ཆུའི་ངོགས་སུ་སེ་འབྲུའི་མེ་ཏོག་རབ་ཏུ་བཞད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ་11ཚེས་22ཉིན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཁག་དགུ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། དེའི་ནང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོ་ཚུད་ཡོད་པ་རེད།

གྲོང་ཚོའི་ནང་སྐྱོད་སྐབས་བོད་བཟོའི་ཁང་པ་སྟར་པ་རེ་རེ་རྒྱ་ཆེ་ཤིང་དཀར་ཆ་དོད་པ་དང་། གྲོང་ཚོའི་འགྲོ་ལམ་གཙང་ལ་ཁོད་སྙོམས་པ། འགྲོ་ལམ་གཞོགས་གཡས་གཡོན་གཉིས་ཀྱི་གློག་ཤིང་དང་གྱང་སྟེང་དུ“མི་རིགས་མཐུན་སྒྲིལ་ལག་གདང་སྦྲེལ། ཞི་མཐུན་འཕེལ་རྒྱས་སེམས་པ་སྦྲེལ”དང“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་སོགས་ཀྱི་དྲིལ་བསྒྲགས་སྦྱར་ཡིག་གང་ས་གང་ནས་མཐོང་རྒྱུ་འདུག

“ལོ་དེ་དག་ནང་ང་ཚོའི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། དེ་སྔ་ང་ཚོའི་གྲོང་ཚོར་ཉེན་ཡོད་ཁང་པ་མང་བའི་ཁར་འཕྲོད་བསྟེན་ཞན་པོ་ཡོད། ད་ཆ་གྲོང་ཚོ་ཧ་ཅང་མཛེས་ཤིང་གྲོང་མི་ཚོའང་ཧ་ཅང་འཆམ་མཐུན་ཡོད”གྲོང་ཚོའི་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་འཇམ་དབྱངས་རྒྱལ་མཚན་དང་གྲོང་མིའི་དུད་ཚང་111གི་གྲོང་མིས་གྲོང་ཚོ་ཧྲིལ་པོའི་འགྱུར་ལྡོག་ལ་མིག་མཐོང་ལག་ཟིན་བྱུང་ཡོད།

“མདའ་རོ་གྲོང་ཚོའི་འགྱུར་ལྡོག་དེ་དག་གཙོ་བོ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་བྱས་པ་ལས་བྱུང་བ་ཞིག་རེད” ཉེ་བའི་ལོ་ཤས་རིང་། མདའ་རོ་གྲོང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ནས་དམངས་འཚོ་ལེགས་སུ་ཧུར་ཐག་བཏང་བ་དང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པ་བྱུང་ཞིང་། ད་ཆ་མདའ་རོ་གྲོང་ཚོར་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྔོན་ལ་འཕེལ་རྒྱས་གཏོང་བའི་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་བཞིན་ཡོད་ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་ཉི་མས་བཤད།

བདེ་སྡོད་ལས་གྲྭའི་ཤར་རླུང་ལ་བརྟེན་ནས། བགྲེས་སོང་ཚེ་རིང་མཚོ་མོ་མི་ཕྱུགས་མཉམ་སྡོད་དང་གནམ་ཆུ་ཁོ་ནར་བརྟེན་དགོས་པའི་སྟག་མ་ལའི་རི་འདབས་ནས་རྒྱལ་ལམ་317ལམ་རྒྱུད་ཀྱི་སྡོད་ཁང་གསར་པར་སྤོས། ཕྱིས་སུ་ཁོང་གིས་གྲོང་ཚོའི་ལས་བྱེད་པའི་རོགས་རམ་འོག་ཚོང་ཁང་ཆུང་ཆུང་ཞིག་གཉེར་སྐྱོང་བྱས་པ་དང་། ཁོང་ལ“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད”ཅེས་པ་དེ་འབོད་ཚིག་ཙམ་མིན་པར་བྱ་སྤྱོད་དངོས་ཤིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

“ད་ཆ་གྲོང་ཚོའི་ལས་བྱེད་པས་ནུས་ཤུགས་ཡོད་རྒུ་བཏོན་ནས་གྲོང་ཚོའི་འཕེལ་རྒྱས་དང་མི་སེར་གྱི་བདེ་སྐྱིད་འཚོ་བར་མཉམ་དུ་ཐབས་འདོན་ཇུས་འབུལ་བྱེད་པ་དང་། ཚན་ཁག་གི་ཁོངས་མིའི་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་རོགས་རམ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་ཆེད་མིག་དཔེ་བསྟན་ཞིང་། ཚང་མས་བསམ་བློ་གཏོང་ས་གཅིག་ཏུ་བཏང་ནས་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་ཡོང་བ་བྱེད་ཀྱི་ཡོད”ཅེས་ཚེ་རིང་མཚོ་མོས་བཤད།

“བསམ་བློའི་རོགས་སྐྱོར་དང་། ཏང་ཡོན་གྱི་སྣེ་ཁྲིད། རོགས་རེས་མཉམ་སྐྲུན”བཅས་དམ་འཛིན་བྱ་གཞིར་བརྩིས་ནས་མདའ་རོ་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་དུད་ཚང་ལ་རོགས་རམ་དང་ཏང་ཡོན་གྱིས་མི་སྒེར་ལ་རོགས་རམ་བྱེད་པའི་འཇོན་ཐང་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་མི་ཚོར་ཁེ་ལས་གཉེར་བ་དང་། སྐྱེལ་འདྲེན་བྱེད་པ། ལས་གྲྭ་འགན་གཙང་ལེན་པ་བཅས་ལ་སྣེ་ཁྲིད་ཧུར་ཐག་བྱས་ནས་སྔ་རྗེས་སུ་རྩམ་འཐག་ཁང་དང་། ཐོན་ལས་ཐོག་ཁང་། ཞིང་འབྲོག་པའི་ཨར་ལས་རུ་ཁག་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བས། 2021ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་104ཟིན་ནས་དུད་ཚང་རེར་འབབ་འཕར་སྒོར་6000ཡོང་བར་སྐུལ་ཁྲིད་བྱས་ཡོད།

གྲོང་ཚོ་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོར་བརྩི་ཡི་མེད། མདའ་རོ་གྲོང་ཚོས་ད་དུང་གཡོ་རི་དུང་གྲོང་ཚོ་དང་ཕུ་རག་གྲོང་ཚོ་དང་ཆ་སྒྲིག་རོགས་སྐྱོར་བྱས་ནས་མི་ཤུགས་དང་། ལག་རྩལ། དངོས་ཟོག་བཅས་ཀྱི་ཐད་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་ཐུན་མོང་ཐོག་ཡར་རྒྱས་དང་འཕེལ་རྒྱས་ཡོང་བ་བྱས་པ་དང་དེ་ལས་མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་དད་སེམས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་མི་རིགས་ཁག་གི་མང་ཚོགས་ཚོས་མཉམ་དུ་ཅའོ་ཙེ་བཟོ་བ་དང་སྒོར་གཞས་འཁྲབ་ནས་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་གི་དྲོ་སྐྱིད་ལྡན་པའི་རྣམ་པ་མདའ་རོ་གྲོང་ཚོའི་ཕྱོགས་གང་ས་ནས་མངོན་བཞིན་ཡོད། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དེ་གྲོང་མི་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།

“ཆབ་མདོར་ཚོང་བརྒྱབ་ནས་ལོ་གསུམ་ལྷག་ཙམ་སོང་འདུག དེའི་རིང་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་མཉམ་གནས་ཀྱི་བསམ་བློ་ངའི་སེམས་ལ་གཏིང་ཟབ་ཟུག་བྱུང་། མདའ་རོ་གྲོང་ཚོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཡོད”ཅེས་མདའ་རོ་གྲོང་ཚོའི་ཐོན་ལས་ཐོག་ཁང་དུ་ཤེལ་སྒོའི་ཚོང་རྒྱག་བཞིན་པའི་ཧོ་པེ་བ་ཆིན་ཆུན་ཧུའུ་ཡིས་བཤད།

ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱས་ནས་ས་ཆ་འདིར་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་སོགས་ཀྱི་རྣམ་པ་ཟབ་ཅིང་མདའ་རོ་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་ནུས་ཤུགས་ལ་བརྟེན་ནས་མཐུན་སྒྲིལ་དང་། ཡར་ཐོན། མཛེས་སྡུག་བཅས་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མུ་མཐུད་སྤོ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།