ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་ས་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་བཀྲག་མདངས་འཚེར་ས་མང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོར་མངའ་རིས་ས་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཟབ་མོ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་པར་ཁྲིད་སྟོན་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་རྒྱུན་མཐུད་ངང་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ནས། སློབ་སྦྱོང་གི་རྣམ་པ་ཧ་ཅང་ཟབ་པ་དང་། ཆེད་དོན་གསོ་སྦྱོང་རིམ་པ་བཞིན་དོན་འཁྱོལ། སྒྲོག་འགྲེལ་སློབ་གསོ་ཕྱོགས་ཡོངས་ལ་ཁྱབ་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་དཔེ་སྟོན་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། 2021ལོར་མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ་ཏང་གི་སློབ་ཚན་ཐེངས་577སློབ་ཁྲིད་བྱས་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་ཐེངས་774བྱས་ནས་གོང་གིས་འོག་ལ་སྣེ་ཁྲིད་དང་། སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

གཅིག་སྡུད་བགྲོ་གླེང་སྤེལ་རེས་ཀྱིས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། 2021ལོར་མངའ་རིས་ས་ཨུད་ཚན་ཁག་གིས“ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར”བཅས་ཆེད་དོན་4ལ་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་ཐེངས་7བྱས་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཆེད་དོན་བགྲོ་གླེང་ཐེངས་856བྱས་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལ་དམིགས་ནས་བགྲོ་གླེང་ཐེངས་966བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་པ་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཡོད།

དགེ་རྒན་ཆེ་མོ་བ་དང་རིགས་གཅིག་མཁས་ཅན་གྱིས་ཟུར་ཁྲིད་བྱས་ནས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། “ཡན་ཨན་གྱི་སྙིང་སྟོབས”ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། ཀྲེ་ཅང་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ། ཁུང་ཧྥན་སེན་གྱི་བྱས་རྗེས་དངོས་སུ་བརྒྱུད་མྱོང་མཁན་དང་དཔང་པོ་སོགས་གདན་ཞུ་བྱས་ནས་ཆེད་དོན་འཆད་ཁྲིད་ཐེངས་6བྱས་པ་དང་ཞུགས་མཁན་མི་ཐེངས་8600ཟིན་ཡོད། ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སྦྱོང་བ་དང་། ཏང་གི་ལོ་རྒྱུས་ཤེས་པ། ཏང་གི་ལོ་རྒྱུས་རྟོགས་པ། ཏང་གི་ལོ་རྒྱུས་སྤྱོད་པ་བཅས་ལ་རོགས་རམ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུར་སྐུལ་མ་བཏང་ཡོད།

བྱ་ཐབས་རྒྱ་སྐྱེད་བཏང་ནས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་གསར་བརྗེའི་སློབ་གསོའི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུ་དང་དེ་བཞིན་དཔེ་ཀློག་གཏམ་བཤད་དང་རིག་རྩལ་བྱེད་སྒོ་སོགས་ཐེངས་2969སྤེལ་བ་དང་། ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་ཐེངས་194སྤེལ་བ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་དང་སྲིད་གཙང་ཉེན་ཟོན་སློབ་གསོའི་པར་གཞི་ཐེངས་857བལྟས་པ། ས་ཁུལ་དང་། རྫོང་། གྲོང་གསེབ་བཅས་ཀྱི་སྒྲོག་འགྲེལ་ཚོགས་པ་342བཙུགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན། བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན། དེ་བཞིན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སོགས་ལ་དམིགས་ནས་གཅིག་སྡུད་སྒྲོག་འགྲེལ་ཐེངས་4268བྱས་པ་དང་སྣེ་ཁྲིད་ནས་སྒྲོག་འགྲེལ་ཐེངས་3138བྱས་པ་རེད།

སྐོར་སྐྱོད་མཛུབ་ཁྲིད་བྱས་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དྲུག་པས་སྔ་རྗེས་སུ་མངའ་རིས་ཀྱི་རྫོང་གི་གྲོང་གསེབ་ཀྱི་འཐབ་ས་དང་པོར་ཐེངས་བཞི་སྐྱོད་ནས་མཛུབ་ཁྲིད་བྱེད་པ་དང་། ཐབས་ཤེས་སློབ་པ། ཁ་ཕྱོགས་སྟོན་པ། བསམ་ཕྱོགས་གསལ་བཟོ་བཅས་བྱས་ཡོད། མངའ་རིས་ས་ཨུད་ཀྱིས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་10བཙུགས་ནས་རྫོང་7དང་ས་ཁུལ(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པ་85ལ་སྐོར་སྐྱོད་མཛུབ་ཁྲིད་བྱས་པ་དང་། རྫོང་དང་ཁྲུའུ་རིམ་པ་དང་དེ་མན་གྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་ལོ་རྒྱུས་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་ཚད་ལེན་ཚོད་ལྟ་ཐེངས་129བྱས་པ། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་། གཞི་རིམ་ཏང་རྩ་འཛུགས། ཏང་ཡོན་ལས་བྱེད་པ་ཡོངས་བཅས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཙོ་གནད་ལས་འགན་དང་ལས་ཀའི་བླང་བྱ་འཕྱུགས་མེད་ངང་ཁོང་དུ་ཆུད་རྒྱུར་མཛུབ་ཁྲིད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།