ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མང་ཚོགས་བློ་ཡིད་ཚིམ་པར་བྱས་ནས་དམངས་འཚོའི་རྒྱུགས་ལན་ཡག་པོ་འབུལ་དགོས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཚོགས་འདུ་གཉིས”ཚོགས་རིང་། བོད་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དམངས་འཚོར་དོ་ཁུར་དང་། རྒྱལ་དོན་སེམས་སུ་འཆང་བཞིན། རང་སོའི་ཁྱབ་ཁོངས་ཀྱི་ལོ་གཅིག་རིང་གི་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་མཐོང་ཐོས་མྱོང་བ་དང་བསམ་གཞིག་ཟུང་འབྲེལ་གྱིས་དངོས་དངོས་རྗེན་རྗེན་གྱི་དམངས་འཚོའི་ཐོབ་སྣང་དང་མཛེས་སྡུག་ལྡན་པའི་རེ་སྒུག་གསར་པར་བརྟེན་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྕག་སྐུལ་དང་རེ་འབོད་བྱས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཞའོ་ཡིས་གསུངས་དོན།

“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་ཡོང་བར་བྱེད་དགོས”

“ང་རང་ལྷོ་ཁར་སྐྱེས་པ་དང་། ལྷ་སར་སློབ་གྲྭ་འགྲིམ་པ་ཡིན། ད་ཆ་བོད་དུ་ལས་ཀ་དང་འཚོ་བ་སྐྱེལ་གྱི་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་ནས་དམངས་འཚོར་བདེ་རྩ་དེ་བས་མང་བ་ཐོབ་ཡོད། ང་ཚོ་ནི་དཔང་པོ་བྱེད་མཁན་དང་དངོས་སུ་བརྒྱུད་མྱོང་མཁན་ཡིན་ལ་ཕན་པ་ཐོབ་མཁན་ངོ་མ་ཡང་ཡིན”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ཐེན་ཅི་ཁྲལ་དོན་པའི་ལས་དོན་སུའོ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཞའོ་ཡིས་བོད་ཀྱི་དམངས་འཚོར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་སྐོར་གསུངས་པ་རེད།

2021ལོ་ནི་ཀྲང་ཞའོ་གནས་སའི་ལས་རིགས་ཁྱབ་ཁོངས་ཀྱི་ངོས་ནས་བརྗོད་ན་ཐོབ་སྣང་གིས་ཁེངས་པའི་ལོ་ཞིག་ཡིན་ཞིང་། “2021ལོར་བོད་དུ་ལོ་ཧྲིལ་པོར་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར་63ཙམ་འཕར་ནས། ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་འཕྲིའི་སྲིད་ཇུས་ཀྱི་དཔྱ་ཁྲལ་ཆག་ཡང་སྒོར་ཁྲི་7713.19སྔ་སྣུར་དུ་ལོངས་སྤྱོད་ཐུབ་པ་དང་། ཁྲལ་དོན་སྡེ་ཚན་གྱིས་སྤྱི་ཚོགས་འགན་སྲུང་གྲོན་དངུལ་ཆག་ཡང་སྲིད་ཇུས་དོན་འཁྱོལ་བྱས་ནས་གྲོན་དངུལ་གཅིག་ཚད་སྒོར་དུང་ཕྱུར་2.77ཟིན་པ། ཁྲལ་འཇལ་བ་དང་གྲོན་དངུལ་འཇལ་མཁན་གྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ཏེ། བོད་ཀྱི་ཁྱད་ལྡན་དམངས་ཕན་བྱེད་ཐབས་མང་དུ་བཏང་བ་དང་། སྲིད་ཇུས་ཀྱི་ཁེ་སྤོགས་མུ་མཐུད་བགོས་ནས་ཁེ་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད”ཅེས་གསུངས་པ་དང་། གཟིགས་སྐྱོང་སྲིད་ཇུས་དངོས་ལས་ཀྲང་ཞའོ་ལ་ཀུང་སིའི་འབྱུང་འགྱུར་འཕེལ་རྒྱས་ཐད་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།

ཀྲང་ཞའོ་ཡིས། བོད་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པས། ཁྱབ་ཁོངས་གསར་པ་དང་ལས་རྣམ་གསར་པ་ཁག་ལ་ཆེད་ལས་རང་བཞིན་གྱི་ཤེས་ལྡན་པའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་ཡོང་ཆེད། ལས་རིགས་ཁག་གིས་རང་སྐྱོང་ལྗོངས་ཀྱིས་ཤེས་ལྡན་པ་སྟོབས་ཆེའི་ལྗོངས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་གོ་སྐབས་སུ་བཟུང་ནས་བྱང་ཚད་མཐོ་བའི་རྩལ་ནུས་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་ལ་མཐོང་ཆེན་བྱེད་པ་དང་། མི་སྤྱོད་བྱེད་པོའི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ། སེམས་ནུས་ཡོད་རྒུས་ཤེས་ལྡན་པ་སྣ་ཚོགས་ལ“རྒྱབ་ཕྱོགས་མཁོ་སྒྲུབ་པ”ཡག་པོ་བྱེད་པ། བརྩེ་སེམས་ལ་བརྟེན་ནས་ཤེས་ལྡན་པ་གནས་ཐུབ་པ་དང་། ཐོབ་ཆར་བརྟེན་ནས་ཤེས་ལྡན་པ་ཉར་ཐུབ་པ། བྱ་གཞག་ལ་བརྟེན་ནས་ཤེས་ལྡན་པ་སྡོད་ཐུབ་པ་བཅས་བྱས་ཏེ་བྱ་གཞག་ཁག་འཕེལ་རྒྱས་གསར་པ་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མིག་དམར་རྒོད་སྐྱེས་ཀྱིས་གསུངས་དོན།

“འགྱུར་ལྡོག་ཕྲན་བུ་ལས་བདེ་སྐྱིད་འཚོ་བ་ཚོར་བར་བྱེད་དགོས”

“ལོ་མང་རིང་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་གྱི་ལས་དོན་སྤེལ་རིང་། བོད་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་པ་མྱོང་ཚོར་བྱུང”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མིག་དམར་རྒོད་སྐྱེས་ཀྱིས་གསུངས་པ་དང་། ཁོང་གིས། བོད་ཀྱི་གློག་ཤུགས་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་ཉམས་ཞན་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་འཕེལ་རྒྱས་ལས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་གསུངས་པ་རེད།

རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་ལ་ཕྱིར་དྲན་བྱེད་སྐབས་མིག་དམར་རྒོད་སྐྱེས་ལ་བག་ཆགས་ཟབ་ཤོས་བྱུང་བ་ཞིག་ནི་2010ལོའི་ཟླ་5ཚེས་30ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་བྲག་སྒོ་གྲོང་ཚོའི་དུད་ཚང་ཀུན་ཁྱབ་གློག་གཏོང་ལས་གྲྭ་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་དང་། གློག་སྒོ་ཕྱེ་བའི་སྐབས་སུ་བྲག་སྒོ་གྲོང་ཚོའི་ཕོ་མོ་རྒན་གཞོན་ཚང་མའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་འཚང་ཁ་ཤིག་ཤིག་ངང་གློག་ཤུགས་བཟོ་པར་དཀར་གཙང་གི་མཇལ་དར་སྒྲོན་པ་དེ་རེད།

མིག་དམར་རྒོད་སྐྱེས་ཀྱིས། དེ་ཉིན་ཡུལ་མི་ཚོ་དང་གློག་ཤུགས་བཟོ་པ་མཉམ་དུ་གློག་གནོན་སྒྱུར་ཆས་གསར་རྐྱང་ཞིག་གི་མཐའ་འཁོར་དུ་འཛོམས་ནས་གཞས་གཏོང་བ་དང་སྒོར་གཞས་འཁྲབ་ནས་ཡུན་རིང་བྲལ་མི་འདོད་པའི་སྐོར་གྱི་སྣང་ཚུལ་ཕྱིར་དྲན་བྱེད་བཞིན་གསུངས་པ་རེད།

མིག་དམར་རྒོད་སྐྱེས་ཀྱིས། ད་ཆ་ཕ་ཡུལ་གྱི་མི་སེར་ལ་གློག་སྤྱོད་རྒྱུར་སྟབས་བདེ་ཡོད་པ་ཕུད། ད་དུང་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དང་། དྭངས་གཙང་གི་ཆུ་ཀ་ལ། སྡོད་ཁང་། སྨན་པ་བསྟེན་པ་སོགས་ཚང་མ་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པས་ཚང་མའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མིག་མཐོང་ལག་ཟིན་བྱུང་སོང་ཞེས་གསུངས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་གསུངས་དོན།

“བྱིས་པ་དེ་བས་མང་བར་དྲ་རྒྱར་དབྱིངས་ཞུགས་པའི་གནོད་འཚེ་མི་ཕོག་པ་བྱེད་དགོས”

མེ་ཏོག་རྫོང་ནི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ཕུ་རུ་གནས་པ་དང་། དེ་སྔ་ཀྲུང་གོའི་ས་ཁོངས་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་འབའ་ཞིག་དེ་རེད། 2013ལོའི་ཟླ་10པར་མེ་ཏོག་རྫོང་གི་གཞུང་ལམ་དང་པོར་རླངས་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་། ད་ཆ་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་500ལྷག་ཙམ་རིང་དུ་ཕྱིན་ནས“བོད་ལྷོ་རྒྱུད་ཀྱི་སྦས་ལུང”གི་ངོ་མཚར་ཡང་འཚོལ་བདེ་བར་གྱུར།

འགྲིམ་འགྲུལ་ཐད“བདེ་སྐྱིད་ལམ་བུ”བཏོད་ནས་མེ་ཏོག་མི་དམངས་ལ་ཐོབ་སྣང་དེ་བས་མང་བ་བྱུང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་ལོ་20ཡི་རིང་གཞི་རིམ་གྱི་སློབ་གསོའི་ལས་དོན་ལ་ཧུར་ཐག་གཞོལ་ཞིང་། ཕ་ཡུལ་གྱི་སློབ་གསོའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་ལས་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

“སློབ་གསོས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་ཅིང་། ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་ཕྲུ་གུའི་ངོས་ནས་བརྗོད་ན་དེ་ལྟར་ལགས”ཞེས་སྐལ་བཟང་བདེ་སྐྱིད་ཀྱིས་གསུངས་པ་དང་། ཁོང་རི་ཁུག་ནས་ཐོན་པའི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས“ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་བའི”ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། ལོ་མང་རིང་ཁོང་གིས་ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་ས་ཡོད་པ་དང་སློབ་གྲྭ་ཡག་པོ་འགྲིམ་པའི་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ནས་ཕ་ཡུལ་གྱི་ཆེད་དུ་སྐད་ཆ་ཤོད་པ་དང་སློབ་གསོའི་ཆེད་དུ་ཐབས་ཇུས་འདོན་པ་ནི་ལོ་ལྟར་གྱི“ཚོགས་འདུ་གཉིས་རིང”ཁོང་གིས་བརྗོད་པའི་འགག་རྩའི་བརྡ་ཆད་རེད།

“ད་ཆ་ཕྲུ་གུ་མང་པོ་ཞིག་གིས་ལག་ཐོགས་ཁ་པར་ཁྱེར་ནས་རོལ་རྩེད་ལ་དབྱིངས་ཞུགས་བཞིན་ཡོད། སྣང་ཚུལ་དེར་ཁྱིམ་བདག་དང་དགེ་རྒན་གྱིས་མཉམ་དུ་ཡོ་བསྲང་ཧུར་ཐག་བྱེད་དགོས་མོད། འོན་ཀྱང་རྒྱལ་ཁབ་རིམ་ངོས་ནས་འོས་འཚམ་གྱི་བྱེད་ཐབས་བཏོན་ཏེ་དོ་དམ་ཚོད་འཛིན་བྱེད་དགོས་ངེས་རེད”ཅེས་སྐལ་བཟང་བདེ་སྐྱིད་ཀྱིས་གསར་འགོད་པར་གསུངས་པ་དང་། ཁོང་གནས་སའི་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་ཞིང་འབྲོག་པའི་ཕྲུ་གུ་མང་པོ་ཞིག་སློབ་གྲྭར་ཞག་སྡོད་བྱེད་ཀྱི་ཡོད། ད་ཆ་རྒྱལ་ཁབ་ཀྱིས“ཁུར་པོ་ཡང་གཏོང”གི་གྲོས་འགོ་བཏོན་པས་ཕྲུ་གུ་ཚོར་ཁོམ་པ་མང་པོ་ཡོད་སྟབས། རང་གཅུན་ནུས་པ་ཅུང་ཞན་པའི་ཕྲུ་གུ་ཁ་ཤས་དྲ་རྒྱའི་རོལ་རྩེད་ལ་དབྱིངས་ཞུགས་ནས་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།