ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— གཉའ་ནང་རྫོང་གིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

ཉེ་བའི་ལོ་ཤས་རིང། གཉའ་ནང་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་འཆར་གཞི་ལྟར་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

ལེགས་ཆ་གཅིག་སྡུད་ཀྱིས་ཐོན་ལས་འཕེལ་རྒྱས་བཏང་བ།

དེ་གར་ས་བབ་མཐོ་ཚད་སྨི་3800ཟིན་ཞིང་། བརྗིད་ཆགས་ཀྱི་གངས་རི་དང་། དྲག་ཏུ་རྒྱུག་པའི་ཆུ་བོ། རྩྭ་ཆུ་འཛོམས་པའི་རྩྭ་ཐང་བཅས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ནི་གཉའ་ནང་རྫོང་ཚོང་འདུས་འབྲི་གཡག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་རྒྱུན་དུ་མཐོང་བའི་རྣམ་པ་ཞིག་རེད།

གཉའ་ནང་གྲོང་རྡལ་ཚོང་འདུས་གྲོང་ཚོའི་གྲོང་མིས་རང་ཁྱིམ་གྱི་འབྲི་གཡག་དང་། མཛོ། བ་གླང་བཅས་མ་རྐང་དུ་འཇོག་པའི་རྣམ་པར་བརྟེན་ནས་མཉམ་ལས་ཁང་ནང་ཞུགས་ཏེ་གཅིག་གྱུར་དོ་དམ་དང་གཉེར་སྐྱོང་བྱས་ཡོད། 2020ལོར། མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་30ཟིན་པ་དང་2021ལོར་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་26.75ཟིན་ཡོད་པ་རེད།

ཕྱོགས་གཞན་ཞིག་ནས་སྨན་ཕུ་ཤང་ཁྲོན་ཏུའུ་ཇོ་རིའི་ཧོར་པའི་ལུག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་དེང་རབས་ཅན་གྱི་གསོ་ཚགས་ལྷས་ར་སྟར་པ་རེ་རེ་བཞིན་བསྐྲུན་པ་དང་ལྷས་རའི་ནང་གི་ཧོར་པའི་ལུག་དེ་དག་ཤ་ཤེད་ཧ་ཅང་ཡག་པོ་ཡོད། “གྲོང་ཚོ་ཏང་ཀྲི་པུའུ+མཉམ་ལས་ཁང+ཞིང་དུད+རྟེན་གཞི”བཅས་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་པས། 2020ལོར་ཁྲོན་ཏུའུ་ཇོ་རིའི་ཧོར་པའི་ལུག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་ཁྱོན་ཡོང་འབབ་སྒོར་ཁྲི་43བྱུང་བ་དང་། ཁེ་སྤོགས་ཁེ་གཙང་སྒོར་ཁྲི་38ཟིན་ནས་མཉམ་ལས་ཁང་ནང་ཞུགས་པའི་དུད་ཚང་93ལ་ཁེ་སྤོགས་སྒོར་ཁྲི་30བགོས་པ་རེད།

ཡར་སླེབས་ཤང་དུ་སྔོ་རྭ་གྲོང་ཚོའི་རི་བོ་གངས་ཅན་རྐང་ཐང་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་གིས་2020ལོར་ཡུལ་སྐོར་བ་289ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་47ལྷག་ཙམ་བྱུང་ཡོད། 2021ལོར་མཉམ་ལས་ཁང་གིས་ཁེ་སྤོགས་བགོས་ཤིང་། ཆ་སྙོམས་དུད་ཚང་རེར་ཁེ་སྤོགས་སྒོར་9762བགོས་པ་དང་མང་ཤོས་ལ་སྒོར་ཁྲི་2.5ཐོབ་ཡོད་པ་རེད།

ཟུར་མཚོ་ཤང་དུ་དཀར་ཆུང་གྲོང་ཚོའི་ཞིང་ཕྱུགས་ལས་རིགས་ཀྱི་བཟའ་བཅའ་ལས་སྣོན་ཆེད་ལས་མཉམ་ལས་ཁང་གིས་2021ལོའི་ལོ་སྟོད་ཀྱི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་41བགོ་འགྲེམས་བརྒྱབ་པ་རེད།

ནུས་ཤུགས་མཉམ་འདོན་གྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ།

2015ལོའི“4·25”ས་ཡོམ་བརྒྱབ་རྗེས། གཉའ་ནང་རྫོང་གཉའ་ནང་གྲོང་རྡལ་གཙང་སྒང་གྲོང་ཚོར་ཉམས་ཆག་ཆེན་པོ་བྱུང་བ་རེད།

“སྐབས་དེ་དུས་ང་ཚོའི་གྲོང་ཚོའི་ཁང་པ་མང་པོ་ཞིག་རྡིབ་པ་དང་རྡིབ་མེད་པའི་ཁང་པའང་ཉེན་གྱར་ཁང་པར་གྱུར་ཡོད”ཅེས་སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤེས་རབ་བསྟན་འཛིན་གྱི་ངོ་གདོང་ལས་སྔར་བཞིན་དངངས་སྐྲག་ཆེན་པོ་བྱེད་པ་མངོན།

ད་ཆའི་གཙང་སྒང་གྲོང་ཚོར་སྐྱོད་སྐབས། རྒྱ་སེའི་མེ་ཏོག་དང་། ཉི་མ་མེ་ཏོག དཔྱིད་ཀྱི་སྣ་མ་མེ་ཏོག་སོགས། དགུན་དུས་ཡིན་རུང་སྔར་བཞིན་རབ་ཏུ་བཞད། དེ་ནི་ད་ཆའི་གཙང་སྒང་གྲོང་ཚོའི་རྣམ་པ་གསར་པ་ཞིག་རེད།

སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ། སྡོད་མལ་ཁོར་ཡུག་བཟང་བ་བཅས་ཡོད་པས་གྲོང་མི་ཚོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ཡོད་པ་དང་འཚོ་བར་བདེ་སྐྱིད་ཀྱིས་ཁེངས་ཡོད།

“གྲོང་ཚོ་དེ་བས་མཛེས་ལ། ང་ཚོའི་འཚོ་བ་སྔོན་མ་ལས་དེ་བས་བདེ་སྐྱིད་ལྡན་པ་ཞིག་འདུག”ཅེས་ཤེས་རབ་བསྟན་འཛིན་གྱིས་བཤད།

གཙང་སྒང་གྲོང་ཚོའི་འགྱུར་ལྡོག་ནི་གཉའ་ནང་རྫོང་གི་བསྡུས་རིས་ཤིག་ཡིན་པ་དང་འདི་ལྟ་བུའི་བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་མིའི་སྡོད་ཁང་གང་སར་མཐོང་རྒྱུ་ཡོད།

“4·25”ས་ཡོམ་བརྒྱབ་རྗེས། ཏང་གི་ཐུགས་ཁུར་དང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། གཞིས་རྩེ་གྲོང་ཨུད། གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་འོག་གཉའ་ནང་རྫོང་གིས་འགྲམ་གྲོང་རྡལ་གྱི་རྫོང་ལས་སྒྲོལ་བའི་བདེ་འཇགས་གནས་སྤོས་དང་རྫོང་ཁོངས་ནང་གི་གེགས་རྗེས་བསྐྱར་སྐྲུན་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།

ནུས་ཤུགས་ཡོད་རྒུས་གེགས་རྗེས་བསྐྱར་སྐྲུན་བྱས་པ་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བར་དང་། དེ་ནས་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བར་གཉའ་ལམ་རྫོང་གིས་གོ་སྐབས་དམ་འཛིན་དང་། དམིགས་ཚད་གཏན་འཁེལ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད།

ཕྱར་བ་གྲུ་འདེགས་ཀྱིས་ཡུལ་སྲོལ་བཟང་པོ་བཏོད་པ།

གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བས་མང་ཚོགས་རྣམས་ཁང་པ་ཡག་པོར་སྡོད་ཐུབ་པ་དང་རླངས་འཁོར་ཡག་པོ་གཏོང་རྒྱུ་ཡོད་པ་མ་ཟད། ད་དུང་མང་ཚོགས་རྣམས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་དང་། ལ་རྒྱ་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཐོག་ཚང་མའི་བསམ་པའི་དགོས་མཁོ་བསྐངས་པ་རེད།

གཉའ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་ཕྱོགས་བསྡུས་བྱེད་སྒོའི་ལྟེ་གནས་མདུན་དུ་སྤེལ་བཞིན་པའི་གཉའ་ནང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོས་གྲོང་མི་མང་པོའི་ཡིད་དབང་འཕྲོག་ཡོད།

འཁྲུག་ཆ་དོད་པའི་ཞབས་བྲོ་དང་སྙན་ཞིང་འཇེབས་པའི་གླུ་གཞས་ཀྱིས་ལྟད་མོ་བར་མིག་གི་སྟོན་མོ་གཟབ་རྒྱས་བཤམས་པ་མ་ཟད། ད་དུང་ལྟད་མོ་བ་མི་ཉུང་བ་ཞིག་གིས་ལག་ཐོགས་ཁ་པར་ནས་འཁྲབ་སྟོན་པར་རྒྱག་པ་དང་། འཁྲབ་སྟོན་གཅིག་ལས་གཅིག་ལྟད་མོ་ཆེ་བས་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད།

གཙོ་གནད་དམ་འཛིན་དང་སྐུལ་འདེད་ཏན་ཏིག་བཏང་ཞིང་། གཉའ་ནང་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ས་ཚིགས་དང་ཁང)གཞི་རྟེན་དུ་བྱས་ཏེ་རིག་གནས་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱས་པ་དང་། ཏང་ཡོན་དང་བླངས་པའི་ཞབས་ཞུ་རུ་ཁག་ལ་བརྟེན་ནས་མང་ཚོགས་ཁྲིད་སྟོན་གྱིས་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་། ལག་ལེན་ལ་བརྟེན་ནས་ཏང་གི་རིགས་པའི་གཞུང་ལུགས་དེ་གྲོང་གསེབ་ཏུ་མི་སེམས་ལ་ཟུག་པ་དང་རྩ་བ་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་བཏང་བ། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་སྲིད་ཇུས་དྲིལ་བསྒྲགས་སོགས་ཏང་ཡོན་དང་བླངས་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཏང་ཡོན་གྱི་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་དང་། གནད་སྨིན་ཅན། ཕུགས་ཕན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་དེ་བས་མང་བ་ཏང་ཡོན་གྱི་དང་བླངས་པའི་ཞབས་ཞུའི་དཔུང་ཁག་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཤེས་དཔལ་གྱི་ལག་ལེན་བསྟར་མཁན་དང་རྒྱུན་འཛིན་པར་འགྱུར་བ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།