ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”ལ་བརྟེན་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ཡོང་བར་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། གམ་པ་རྫོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་ལས་དོན་གྱི“རྩ་གནད”དང“བླ་སྲོག”ལྟ་བུར་བརྩིས་ནས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ཀྲི་པུའུ་གཉིས་ཀྱིས་མཉམ་དུ་དམ་འཛིན་དང་མཁར་རྫོང་གཉིས་ཀ་སྟོབས་ཆེན་བསྐྲུན་རྒྱུ”དམིགས་ཚད་དུ་བྱས་ནས་མདུན་ཕྱོགས་ཀྱི་སོ་ལྟ་ཁང་དུ་ཏང་དར་སྒྲེང་བ་དང་། མདུན་ཕྱོགས་ཀྱི་སོ་ལྟ་ཁང་དུ་ཀྲི་པུའུ་འཛུགས་པ། མདུན་ཕྱོགས་ཀྱི་སོ་ལྟ་ཁང་དུ་ཏང་རྟགས་འགེལ་བ། མདུན་ཕྱོགས་ཀྱི་སོ་ལྟ་ཁང་དུ་ཏང་ཡོན་གྱིས་འབད་འཐབ་བྱེད་པ། མདུན་ཕྱོགས་ཀྱི་སོ་ལྟ་ཁང་དུ་ལས་བྱེད་པས་སྦྱོང་བརྡར་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། དམག་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་ལྡན་པའི་ས་གཞི་དེའི་ཐོག་རྒྱ་ཆེའི་དམག་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། སེམས་མཐུན་ཤུགས་སྒྲིལ། སེམས་ནུས་གཅིག་སྒྲིལ་བཅས་བྱས་ཏེ་ས་སྲུང་མཐའ་བརྟན་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འདུས་ཡོད།

ཕྱུག་འགྱུར་ལམ་བུར་དཔུང་སྡེའི་དཔོན་དམག་ཚོའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ།

གམ་པ་རྫོང་གྲང་རླུང་ཤང་ཤུར་རང་གྲོང་ཚོ་མཐའ་མཚམས་སུ་གནས་པ་དང་ཐོན་ཁུངས་བལྟོས་བཅས་ཀྱིས་དཀོན་པས“གམ་པའི་ལུག”གི་གསེར་བྱང་དེ་ཡོད་རུང་ཇི་ལྟར་བྱས་ནས་སྤྱོད་དགོས་མིན་མ་ཤེས་པར་དུས་ཡུན་རིང་པོའི་ནང་། ཤུར་རང་གྲོང་ཚོའི་མང་ཚོགས་ལ་ཕྱུག་འགྱུར་གྱི་ཐབས་ལམ་མེད་པ་དང་འབབ་འཕར་གྱི་ནུས་པ་མེད་པར་གྱུར་ཡོད། གྲོང་ཚོའི་ཏང་ཀྲི་པུས་གནས་ཚུལ་དེ་རིགས་ལ་དམིགས་ནས་བཅའ་སྡོད་དཔུང་སྡེ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཐུན་མོང་ཐོག་མཉམ་ལས་ཁང་བཙུགས་པ་དང་མཉམ་ལས་ཀྱིས་ཁྲོམ་རར་ཞུགས་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་ཡོད།

མཉམ་ལས་ཁང་གི་གསོ་ཚགས་རྟེན་གཞི་སྐྲུན་རིང་བཅའ་སྡོད་དཔུང་སྡེས་མི་ཤུགས་དང་ནུས་ཤུགས་འདོན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

མཉམ་ལས་ཁང་འཕེལ་རྒྱས་གཏོང་རིང་། བཅའ་སྡོད་དཔུང་སྡེས་སླར་ཡང་ལག་རྩལ་སློབ་ཁྲིད་བྱེད་པར་ཡོང་བ་དང་མཉམ་ལས་ཁང་ལ་གཟན་ཆག་སྐྱེལ་རོགས་སོགས་བྱས་ཡོད། བཅའ་སྡོད་དཔུང་སྡེའི་རོགས་རམ་འོག་མཉམ་ལས་ཁང་གི་རྐང་པ་བརྟན་པོ་འཛུགས་ཐུབ་པ་བྱུང་སྟེ། 2019ལོར་མཉམ་ལས་ཁང་འཛུགས་སྐབས་ལུག་876ཙམ་ལས་མེད་པ་ནས་ད་ཆ་ལུག་3150བར་འཕེལ་རྒྱས་ཕྱིན་པ་དང་། ན་ནིང་ལོ་གཅིག་ཁོ་ནར་ཡོང་འབབ་སྒོར་ཁྲི་65བྱུང་ནས་ཁེ་གཙང་སྒོར་ཁྲི་40བགོ་འགྲེམས་བརྒྱབ་པས་གྲོང་མི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8བར་འཕར་ཡོད།

“2019ལོར་ངའི་ཁྱིམ་གྱི་ལུག་20ཚང་མ་གྲོང་ཚོའི་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་ཡིན་ལ་ངས་མཉམ་ལས་ཁང་གི་གསོ་ཚགས་པའི་འགན་ཁུར་བ་ཡིན། དཔུང་སྡེ་དང་གྲོང་ཚོའི་ཏང་ཀྲི་པུའི་དྲིན་ལས་ངའི་ཁྱིམ་གྱི་ནང་མི་ལྔར་ལོའི་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་ཟིན་གྱི་འདུག”ཅེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད།

“མཉམ་ལས་ཁང་ཙམ་མ་ཟད། དཔྱིད་འདེབས་དང་སྟོན་བསྡུའི་ནམ་དུས་འཆར་རིམ་བཞིན་བཅའ་སྡོད་དཔུང་སྡེས་དུས་ཚོད་བཙལ་ཏེ་གྲོང་ཚོའི་མི་ཧྲེང་རྒན་རྒོན་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་ལ་ས་ཞིང་རྨོ་རོགས་དང་། འདེབས་རོགས། བཙས་མ་བརྔ་རོགས་བཅས་བྱེད་ཀྱི་ཡོད། ཞིང་ནང་དང་ཕྱུག་འགྱུར་ལམ་བུར་དཔུང་སྡེའི་དཔོན་དམག་ཚོའི་གཟུགས་བརྙན་མཐོང་རྒྱུ་ཡོད” ཅེས་ཤུར་རང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མིག་དམར་གྱིས་བཤད།

ང་ཆེན་པོ་ཆགས་རྗེས་བཅིངས་འགྲོལ་དམག་མི་བྱེད་ཀྱི་ཡིན།

“ང་ཆེན་པོ་ཆགས་རྗེས་བཅིངས་འགྲོལ་དམག་མི་བྱེད་ཀྱི་ཡིན། ངའི་ཨ་ཞང་བཅིངས་འགྲོལ་དམག་མི་རེད། ནམ་རྒྱུན་ཨ་ཁུ་བཅིངས་འགྲོལ་དམག་མི་མང་པོ་ཞིག་སློབ་གྲྭར་ཡོང་ནས་ང་ཚོར་སྒྲུང་ཤོད་པ་དང་དམག་མིའི་དྲག་རྩལ་སློབ་ཀྱི་ཡོད། ངས་ཉེ་ཆར་དམག་མིའི་མལ་ཆས་ལྟེབ་བརྩེགས་རྒྱག་སྟངས་ཤེས་པ་མ་ཟད། ད་དུང《ཨ་ཁུ་བཅིངས་འགྲོལ་དམག་ལ་སེམས་ཁུར་ཇི་ལྟར་བྱེད་དགོས་པའི》སྐོར་གྱི་རྩོམ་ཡིག་ཅིག་ཀྱང་བྲིས་པ་ཡིན་ཞེས་གམ་པ་རྫོང་ལུང་རོང་ཤང་སློབ་ཆུང་གི་ལུས་རྩལ་ཐང་དུ་ལོ་རིམ་བཞི་པའི་སློབ་མ་པ་སངས་བསམ་གྲུབ་ཀྱིས་འཚེར་སྣང་དང་བཅས་རང་ཉིད་དང་བཅིངས་འགྲོལ་དམག་དབར་གྱི་གཏམ་རྒྱུད་གླེང་བཞིན་དུ་དད་གུས་དང་ཡིད་སྨོན་ཆེན་པོ་བྱེད་ལུགས་བཤད།

“ང་ཆེན་པོ་ཆགས་རྗེས་ཨ་ཁུ་བཅིངས་འགྲོལ་དམག་དང་འདྲ་བར་མེས་རྒྱལ་སྲུང་སྐྱོབ་བྱེད་ཀྱི་ཡིན”

པ་སངས་བསམ་གྲུབ་ཀྱི་བསམ་འདུན་ཉན་རྗེས་ཉེ་འགྲམ་གྱི་ཕྲུ་གུ་ཚོས་ཀྱང་རང་འགུལ་ངང་རང་ཉིད་ཀྱི་བསམ་འདུན་རེ་རེ་བཞིན་གླེང་།

སློབ་གྲྭར་སློབ་གོས་དང་། སྒྲོག་ཙེ། རྐུབ་སྟེགས་སོགས་གཅེས་སེམས་དངོས་ཟོག་ཞལ་འདེབས་རྒྱག་པ་མ་ཟད། ད་དུང་བཅའ་སྡོད་དཔུང་སྡེའི་དཔོན་དམག་གིས་རྟག་ཏུ་སློབ་གྲྭར་ཡོང་ནས་སློབ་མ་དང་མཉམ་དུ་བྱེད་སྒོ་སྤེལ་ཏེ་སློབ་མར་རྒྱལ་གཅེས་ཀྱི་གཏམ་རྒྱུད་ཤོད་ཀྱི་ཡོད་ཅེས་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་གྱིས་ངོ་སྤྲོད་བྱས། ད་ལྟ་རྒྱུན་གཏན་གྱི་སློབ་གསེང་ལུས་རྩལ་ཕུད། སློབ་མ་ཚོས་གཟའ་འཁོར་རེར་དམག་མིའི་དྲག་རྩལ་སྦྱོང་བརྡར་ཐེངས་རེ་བྱེད་ཀྱི་ཡོད། སློབ་གྲྭར་རི་མོ་འགྲན་བསྡུར་སྤེལ་རིམ་བཞིན་ཨ་ཁུ་བཅིངས་འགྲོལ་དམག་ལ་གུས་འདུད་ཞུ་བའི་བརྗོད་གཞི་ཁ་ཤས་ཡོད་པ་དང་། རྩོམ་ཡིག་སློབ་ཚན“ངའི་ཕུགས་འདུན”ཞེས་པའི་ནང་ཆེན་པོ་ཆགས་རྗེས་བཅིངས་འགྲོལ་དམག་མི་བྱས་ནས་རྒྱལ་ཁབ་དང་ཁྱིམ་ཚང་སྲུང་སྐྱོབ་བྱ་རྒྱུའི་བརྗོད་གཞིའི་རྩོམ་ཡིག་གིས་90%ཟིན་གྱི་ཡོད།

སློབ་གྲྭའི་མི་སེམས་འགུལ་བའི་དམག་བཀུར་དམངས་གཅེས་ཀྱི་རྣམ་པ་ཕུད། གམ་པ་རྫོང་ཡོངས་སུ་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་པའི་རྣམ་པ་མངོན་བཞིན་ཡོད། བཅའ་སྡོད་དཔུང་སྡེས་སློབ་གྲྭའི་ནང་རྒྱལ་སྲུང་སློབ་གསོ་ཐེངས་42སྤེལ་བ་དང་། གྲོང་གསེབ་ཏུ་སྒྲོག་འགྲེལ་བྱེད་སྒོ་ཐེངས་620ལྷག་ཙམ་སྤེལ་བར་སློབ་གསོ་ཐོབ་མཁན་མང་ཚོགས་མི་ཐེངས་ཁྲི་1.27ལྷག་ཙམ་ཟིན་ཡོད།

ང་ཚོ་མཉམ་དུ་རྒྱལ་དར་སྒྲེང་གི་ཡིན།

“བྲན་གཡོག་བྱེད་མི་འདོད་པའི་མི་རྣམས་ཡར་ལོངས་ཤོག ང་ཚོའི་ཤ་ཁྲག་ལ་བརྟེན་ནས་ལྕགས་རི་རིང་པོ་གསར་པ་བསྐྲུན”ཞེས་པ་སོགས་2021ལོའི་ཟླ་11ཚེས་8ཉིན་གྱི་གཟའ་ཟླ་བའི་ཉིན་མོར་གསར་འགོད་པ་དང་བཅས་པ་དགྱེས་རུ་གྲོང་ཚོར་བསྐྱོད་དེ་གྲོང་མི་ཚོའི་སྐད་གསང་མཐོ་བའི་གླུ་གཞས་གཏོང་སར་ལྟ་སྐབས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། ཞོགས་པའི་ཉི་འོད་འོག་གྲོང་ཚོའི་ཁ་སྤྲོད་ཀྱི་རྫ་རིའི་སྟེང་བྲིས་པའི“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡིག་འབྲུ་ཆེན་པོ་དག་ལས་གསེར་འོད་ལྷམ་ལྷམ་དུ་འཕྲོ་བཞིན་འདུག

“གཟའ་ཟླ་བའི་ཉིན་མོར་གྲོང་ཚོའི་ནང་གི་དུད་ཚང་ཚང་མ་དུས་ཐོག་ཏུ་རྒྱལ་དར་སྒྲེང་སར་ཡོང་ནས་བཅའ་སྡོད་དམག་མི་དང་ཉེན་རྟོག་པ་དང་མཉམ་དུ་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོག་གི་ཡོད། རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་རིམ་བཞིན་ང་ཚོའི་སེམས་ནང་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག”ཅེས་དགྱེས་རུ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚེ་རིང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས།

དགྱེས་རུ་གྲོང་ཚོར། དཔུང་སྡེ་དང་ས་གནས་གཞི་རིམ་ཏང་རྩ་འཛུགས་ཀྱིས“ཀྲི་པུའུ་གཉིས་མཉམ་དུ་དམ་འཛིན་དང་མཁར་རྫོང་གཉིས་སྟོབས་ཆེར་གཏོང་རྒྱུ”དམིགས་ཡུལ་དུ་བྱས་ཏེ“ཏང་གི་ལས་དོན་མཐའ་དག་ཀྲི་པུའུ་རུ་སྤེལ་བའི”སྟོན་ཕྱོགས་ཁ་གསལ་བཟོས་ནས་མཐའ་སྲུང་སྐོར་གཡེང་གི་འཐབ་ས་དང་པོར་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་སྒྲོག་འགྲེལ་གྱིས“མཉམ་དུ་དར་ཆ་སྒྲེང་བ་དང་། མཉམ་དུ་གླུ་གཞས་གཏོང་བ། མཉམ་དུ་མཐའ་མཚམས་སྲུང་བ”དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།

གམ་པ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཧའེ་ལང་གིས“རྒྱལ་གཅེས་མངའ་ཁོངས་སྲུང་བའི་རྣམ་པ་ཟབ་མོ་དེ་འདྲའི་ཁྲོད་དགྱེས་རུ་གྲོང་ཚོ་ནས་སྔ་རྗེས་སུ‘རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ’དང‘རྒྱལ་ཡོངས་ཀྱི་ཡུལ་དམག་གི་སྔོན་ཐོན་མི་སྒེར’དགའ་ནོར་བུ་དང‘རྒྱལ་ཡོངས་ཀྱི་ཕུལ་བྱུང་མཐའ་སྲུང་བ’རྡོ་རྗེ་ཚེ་དབང་སོགས་རྒྱལ་གཅེས་མངའ་ཁོངས་སྲུང་མཁན་དཔེ་བཟང་མི་སྣ་ཁག་གཅིག་ཐོན་ཡོད། དགའ་ནོར་བུའི་བུ་བསོད་ནམས་རྡོ་རྗེས་ཀྱང་ཕའི་རྗེས་སུ་འབྲངས་ནས་དཔུང་སྡེར་ཞུགས་ཏེ་མཐའ་མཚམས་དང་རྒྱལ་ཁབ་སྲུང་བཞིན་ཡོད། དགྱེས་རུ་གྲོང་ཚོའི་གྲོང་མི་ཙམ་མ་ཟད། ད་དུང་གམ་པ་རྫོང་གི་མང་ཚོགས་ཚོ་ཕྱིར་ལས་ཀར་སྐྱོད་པའམ་ཡང་ན་ཁྱིམ་དུ་བསྡད་ཀྱང་ཚང་མས་དུས་དང་རྣམ་པ་ཀུན་ཏུ་རྐང་འོག་གི་ས་ཆ་སྦར་མཐིལ་ཙམ་ཡང་ཡག་པོ་བསྲུངས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་བཞིན་ཡོད”ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།