ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་དགུན་དཔྱིད་ཀྱི་གེགས་འགོག་གེགས་སེལ་གྱི་ལས་དོན་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་དགུན་དཔྱིད་ཀྱི་གེགས་འགོག་གེགས་སེལ་གྱི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་རྫོང(ཆུས)ཁག་གི་དགུན་དཔྱིད་ཀྱི་གེགས་འགོག་གེགས་སེལ་གྱི་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་ཉན་པ་དང་། དགུན་དཔྱིད་ཀྱི་གནམ་གཤིས་གནས་ཚུལ་དང་། གེགས་འགོག་གེགས་སེལ་གྱི་དངོས་ཟོག་གྲབས་གསོག་བྱས་ཚུལ། མིག་སྔའི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་སྤེལ་ཚུལ་བཅས་བརྡ་ཁྱབ་བཏང་བ་མ་ཟད། གྲོང་ཁྱེར་དེའི་དགུན་དཔྱིད་ཀྱི་གེགས་འགོག་གེགས་སེལ་གྱི་ལས་དོན་སླར་ཡང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གེགས་འགོག་གེགས་སེལ་གྱི་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། དུས་ཐོག་ཏུ་ཞིབ་འཇུག་བཀོད་སྒྲིག་དང་། བཀོད་གཏོང་བཀོད་སྒྲིག རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་འཐབ་ས་དང་པོར་ལས་ཀ་བཀོད་སྒྲིག་དང་། འཐབ་ས་དང་པོར་བྱ་ཐབས་དོན་འཁྱོལ། འཐབ་ས་དང་པོའི་གནད་དོན་ཐག་གཅོད། འཐབ་ས་དང་པོར་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། གནམ་གཤིས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། དགུན་དཔྱིད་ཀྱི་གངས་སྐྱོན་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཇུས་གཞི་དང་སྔོན་ཇུས་ཞིབ་ཕྲ་བཟོ་བ། གེགས་འགོག་གེགས་སེལ་གྱི་དངོས་ཟོག་གྲབས་གསོག་ནན་ཏན་བྱེད་པ། མཐའ་མཚམས་དང་། མཐོ་གྲང་། ཐག་རིང་ལུང་ཁུག་བཅས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཚད་མཐོའི་དོ་ཁུར་བྱེད་པ། མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བཅས་བྱས་ནས་མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། མགོ་མཇུག་གཟབ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ཏེ། དུས་ཚོད་དང་དུས་བབ་དང་བསྟུན་ནས་རིམས་ནད་ཕྱི་ནས་མ་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་བྱ་ཐབས་ཁག་འཐུས་སྒོ་ཚང་དུ་བཏང་སྟེ། ལྷོ་ཁ་ནས་འགྲོ་འོང་བྱེད་སའི་འགྲོ་ལམ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། མེ་སྐྱོན་ཡོང་ཁུངས་དོ་དམ་སྔར་བས་ནན་དུ་བཏང་ནས་གཙོ་གནད་ནགས་ཚལ་དང་རྩྭ་ཐང་གི་དགུན་དུས་མེ་སྐྱོན་བྱུང་ཁུངས་ལ་སྐོར་གཡེང་བྱེད་ཚད་མང་དུ་གཏོང་བ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་རྩ་བ་ནས་མི་ཐོན་པ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།