ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཇ་ལོ་སྔོ་ཐིང་ཐིང་། ཡོང་འབབ་ལྗིད་ཏིག་ཏིག

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— སླད་མོན་པ་མི་རིགས་ཤང་ཇ་ལོ་ཆེད་ལས་མཉམ་ལས་ཁང་གི་ལག་རྩལ་འགན་འཁུར་བ་ཟླ་བ་པད་མར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

2bbc2dac-cc86-47da-af11-858bf03b70b3.jpg

འདི་ནི་ཟླ་བ་པད་མས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཇ་འཐུ་བཞིན་པ།

032f7a4e-9a8e-4cba-bb24-22874f520d76.jpg

འདི་ནི་ཟླ་བ་པད་མས་ཇ་ཕུར་ཕུར་གཏོང་བཞིན་པ།

སྣུམ་ནག་གཞུང་ལམ་བརྒྱུད་ང་ཚོ་ལེགས་པོ་རོང་སླད་མོན་པ་མི་རིགས་ཤང་ཇ་ལོ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཇ་རར་འབྱོར་བྱུང་། གནས་འདིར་རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་དང་། ཡུལ་ལྗོངས་ལྟ་ན་སྡུག་པ། བྱ་བྱིའུ་གསུང་སྐད་སྙན་པ། མེ་ཏོག་དྲི་ཞིམ་འཐུལ་བ། རི་གསེབ་ཏུ་སྨུག་སྤྲིན་ཐར་ཐོར་དུ་འཁྲིགས་ཡོད།

མཉམ་ལས་ཁང་གི་ལག་རྩལ་འགན་འཁུར་བ་ཟླ་བ་པད་མས་ངོ་སྤྲོད་བྱས་དོན། 1971ལོར་བཙུགས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལེགས་པོ་ཇ་ར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ས་མཐོའི་ཇ་ར་ཞིག་ཡིན་ཞིང་། འདི་ནས་ཐོན་སྐྱེད་བྱས་པའི“ལེགས་པོའི་ཇ”ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི་2400ཡོད་པའི་ཧི་མ་ལ་ཡའི་ལྷོ་ངོས་ཏེ། རང་རྒྱལ་གྱི་གྲངས་ཉུང་མི་རིགས་མོན་པ་རིགས་འདུས་སྡོད་ཁུལ་ཡིན་པའི་ལེགས་པོ་ཤང་དུ་སྐྱེ་གི་ཡོད། ཇ་རའི་མཐའ་འཁོར་དུ་གདོད་མའི་ནགས་ཚལ་སྟུག་པ་དང་། སྟག་ཤིང་དམར་མདངས་བཀྲ་བ། རྦབ་ཆུ་ཤུགས་དྲག་ཆེ་བ་བཅས་ཡོད་ལ། ཇ་ར་འདི་ནས་ཐོན་སྐྱེད་བྱས་པའི་ཇར་འོད་སྦྱོར་ནུས་པ་ཆེ་བ་དང་། ཇ་ཞིང་དུ་དྲངས་པའི་ཆུ་ཚང་མ་གངས་ཆུ་ཡིན་པས། སྦགས་བཙོག་གང་ཡང་མེད་པ་དང་ཇ་ལོའི་སྐྱེ་ལྡན་གྲུབ་ཆ་དང་སྐྱེ་མེད་གཏེར་རྫས་ཀྱི་གཞི་རྒྱུ་བལྟོས་བཅས་ཀྱིས་མཐོ་བ་དང་ལྷད་མེད་དང་བྲོ་བ་ཞིམ་ལ་རྒྱུ་སྤུས་དག་པའི་ཇ་ལོ་དེ་དག་ལས་ཐུན་མོང་མ་ཡིན་པའི་ཇའི་རིག་གནས་ཤིག་གྲུབ་ཡོད།

ཟླ་བ་པད་མས“ལེགས་པོ་རོང་གི་གྲོང་མི་ཚང་མ་ཇ་འདེབས་པ་དང་ཇ་འཐུང་རྒྱུར་དགའ་པོ་ཡོད། 2017ལོར་བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག ང་རང་ཨན་ཧུའེ་ཞིང་ཆེན་ལས་རིགས་ལག་རྩལ་སློབ་གླིང་དུ་ཇ་འདེབས་འཛུགས་དང་། དུས་མཇུག་གི་གཡོག་བྱེད། ལས་སྣོན་སོགས་ཀྱི་ལག་རྩལ་སྦྱོང་བར་བཏང་བྱུང་། སློབ་སྦྱོང་བྱས་པ་བརྒྱུད། ཆེད་ལས་ཀྱི་རྩལ་ནུས་སྔར་བས་མཐོ་རུ་ཕྱིན་པ་མ་ཟད། ད་ཆ་ང་རང་མཉམ་ལས་ཁང་གི་ལག་རྩལ་རྐང་འཛིན་པར་གྱུར་ནས་དུས་རྒྱུན་ལག་རྩལ་མཛུབ་ཁྲིད་ཀྱི་འགན་འཁུར་གྱི་ཡོད”ཅེས་བཤད།

ཟླ་བ་པད་མས“ན་ནིང་སླད་མོན་པ་མི་རིགས་ཤང་གི་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་སླད་གྲོང་ཚོ་དང་ཞན་གྲོང་ཚོའི་དུད་ཚང་60ཡི་མི་143ལ་སྐུལ་ཁྲིད་ཀྱིས་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.9བྱུང་བ་མ་ཟད། ད་དུང་ལོ་མཇུག་ཏུ་མི་རེར་ཁེ་གཙང་སྒོར་3500བགོ་འགྲེམས་བྱས་ཡོད”ཅེས་བཤད།

ལོ་22ལ་སླེབས་པའི་བཀྲ་ཤིས་ནི་འཇོན་ཐང་ཆེ་བའི་ཕོ་གསར་ཞིག་རེད་ལ། ཟླ་བ་པད་མའི་དགེ་ཕྲུག་རེད། ད་ཆ་ཕོ་གསར་དེ་ཇ་ལས་སྣོན་དང་། སྐྱེལ་འདྲེན། ཕྱིར་ཚོང་བཅས་ཀྱི་ལས་ལ་བྱང་ཆུབ་པོ་ཡོད། ཉིན་ཤས་སོང་རྗེས་ཁོང་དང་ཟླ་བ་པད་མ་པེ་ཅིང་དུ་འགྲེམས་ཚོགས་ཞིག་ལ་ཞུགས་རྩིས་ཡོད། མིག་སྔར་ཁོང་གིས་ལམ་ཐིག་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་གྲ་སྒྲིག་བྱེད་བཞིན་འདུག

སླད་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟླ་བ་པད་མས་ཉིན་མོ་གྲོང་ཚོའི་བུད་མེད་ཡོངས་ཀྱི་སྣེ་ཁྲིད་དེ་ཇ་ཞིང་དུ་རྩྭ་ངན་འཐུ་བ་དང་། ལུད་རྒྱག་པ། ཇ་ལོ་འཐུ་བ་བཅས་བྱེད་ཀྱི་ཡོད་པ་དང་། དགོང་མོ་ཚང་མར་དམངས་ཕན་སྲིད་ཇུས་དང་ཇ་འདེབས་སྟངས་འཆད་འགྲེལ་བྱེད་ཀྱི་ཡོད།

སྣུམ་ནག་གཞུང་ལམ་ནས་གཉའ་མོ་གཙང་པོའི་ངོགས་སུ་ལྟ་སྐབས། ཟླ་བ་པད་མས་གྲོང་ཚོ་ཡོངས་ཀྱི་བུད་མེད་ཚོ་དང་མཉམ་དུ་ཆར་སིམ་ཁྲོད་ཇ་ཞིང་ནང་སྤུས་ལེགས་ཇ་འཐུ་བའི་ལས་ལ་བྲེལ་བཞིན་མཆིས། མཛེས་སྡུག་ལྡན་པའི་ཇ་ལོ་འཐུ་མཁན་གྱི་བུད་མེད་ཚོ་ཡང་ལེགས་པོ་རོང་གི་མཛེས་ལྗོངས་ཡག་ཤོས་ཤིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།