ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ནད་པས་སྨན་བཅོས་འགན་བཅོལ་གཱ་སྤྱད་ནས་སྒོ་བསྟེན་གྱི་དམིགས་བསལ་ནད་གཞིའི་སྨན་རིན་རྩིས་ཞུ་བྱེད་ཆོག་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་ནས་ཤེས་རྟོགས་བྱུང་བར། ཚེས་19ཉིན་ནས་བཟུང་ལྗོངས་ནང་ཁུལ་གྱི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིས་གཏན་འཁེལ་བྱས་པའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་བརྟག་དཔྱད་དང་སྨན་ལེན་སྐབས། སྨན་བཅོས་འགན་བཅོལ་གཱ་ནས་ཐད་ཀར་སྨན་རིན་རྩིས་ཞུ་བྱེད་ཆོག་གི་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་ཞེས་པ་ནི་ནད་གཞི་ཅུང་ཞི་ལྷོད་ཡིན་པ་དང་། སྒོ་བསྟེན་སྨན་ཁང་དུ་ཡུན་རིང་སྨན་བཅོས་བྱེད་དགོས་པ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་སུ་ཚུད་པའི་གཅོང་ནད་དམ་ཡང་ན་ནད་གཞི་ལྕི་རིགས་ལ་ཟེར། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ལག་ཁྱེར་གཉེར་རྗེས། ནད་རིགས་དེ་དང་འབྲེལ་བ་ཡོད་པའི་ནད་གཞི་སྒོ་བསྟེན་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་བྱས་པའི་སྨན་རིན་ཚང་མ་སྨན་ཁང་དུ་བསྡད་པའི་སྨན་རིན་ལྟར་མང་ཉུང་ལ་གཞིགས་ནས་འགྲོ་སོང་རྩིས་ཞུ་བྱེད་ཆོག བོད་ལྗོངས་ནང་ཁུལ་གྱི་སྨན་ཁང་གཞན་དག་དུ་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ལག་ཁྱེར་གཉེར་མཁན་ནད་པས་ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་ནད་བསྟེན་ནའང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་གཏན་འབེབས་ལྟར་ཐད་ཀར་སྨན་རིན་རྩིས་ཞུ་བྱེད་ཆོག་གི་ཡོད།

མིག་སྔར་བོད་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱིས་རིགས་ཆེན་པོ་34(ནད་རིགས་49ཡོད་པ)དང་མཐོང་དཀོན་པའི་ནད་རིགས་121དང་། བོད་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱིས་ནད་རིགས་23གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད།

གཅོང་ནད་ཕོག་པའི་བོད་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནད་པས་ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ལག་ཁྱེར་ཐོག་མར་གཉེར་སྐབས། ནད་གཞིའི་ངོ་སྤྲོད་ཡི་གེ་དང་འབྲེལ་ཡོད་བརྟག་དཔྱད་སྙན་ཞུ་ཁྱེར་ཏེ་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ནད་རིགས་ལྟ་མཁན་ཆེད་ལས་ཚན་ཁག་གི་སྨན་པའི་སར་ཡོང་ནས་བོད་ཀྱི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་བརྟག་དཔྱད་རེ་ཞུའི་རེའུ་མིག་བརྒྱངས་ནས་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་སྨན་བཅོས་ཀྱི་ཇུས་གཞི་བཟོ་དགོས། མཐོང་དཀོན་པའི་ནད་རིགས་121གྲས་ཕོག་པའི་ཁྲེང་ཏུར་ཡོད་པའི་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ནད་པས་ཐོག་མར་ལག་ཁྱེར་གཉེར་སྐབས། ད་དུང་བོད་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྲེང་ཏུའུ་ཞབས་ཞུ་ལྟེ་གནས(ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ཤིས་མན་ཆའོ་ཧེང་ཅེ་ཁྲོམ་གཞུང་སྒོ་རྟགས་ཨང་31པའི་གཞུང་ལས་ཁང་403)སུ་བསྐྱོད་ནས་ལག་ཁྱེར་གཉེར་དགོས། བོད་ཀྱི་གྲོང་མིའི་མཐོང་དཀོན་པའི་ནད་གཞི་སྨན་བཅོས་ཀྱི་འགྲོ་སོང་སྨན་བཅོས་འགན་བཅོལ་ལ་ཞུགས་སའི་འབྲེལ་ཡོད་སྲིད་ཇུས་ལ་གཞིགས་ནས་རྩིས་ཞུ་བྱ་རྒྱུ་རེད།

ལྗོངས་ནང་ཁུལ་གྱི་སྨན་ཁང་གིས་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་ཕོག་པར་གཏན་འཁེལ་བྱས་པའི་ནད་པས་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་བརྟག་དཔྱད་རེ་ཞུའི་རེའུ་མིག་དང་ནད་གཞི་གཏན་འཁེལ་གྱི་ངོ་སྤྲོད་ཡི་གེ(སྨན་ཁང་ནས་དོན་པའི་དཔང་ཡིག་གམ་སྒོ་བསྟེན་སྨན་བཅོས་ཀྱི་ནད་དེབ་བམ་ཡང་ན་ནད་གཞིའི་ངོ་སྤྲོད་ཡི་གེ་བཅས་གང་རུང་གཅིག་བྱུང་ན་འཐུས)དང་ཐོབ་ཐང་ལག་ཁྱེར་རམ་ཡང་ན་སྤྱི་ཚོགས་འགན་སྲུང་གཱ་ཁྱེར་ནས་སྨན་བཅོས་འགན་བཅོལ་གཞུང་ལས་ཁང་དུ་ནད་རིགས་གཏན་འཁེལ་གྱི་གོ་ཆོད་ཡུན་ཚད་བསྐྱར་བཤེར་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ཇུས་གཞིར་ཞིབ་དཔྱད་བྱེད་པར་ཡོང་དགོས། ཞིབ་དཔྱད་བྱས་རྗེས་ནད་པས་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་བརྟག་དཔྱད་རེའུ་མིག་དང་། སྨན་ཤོག བརྟག་དཔྱད་སྙན་ཞུ། སྤྱི་ཚོགས་འགན་སྲུང་གཱའམ་ཡང་ན་ཐོབ་ཐང་ལག་ཁྱེར་བཅས་ཁྱེར་ནས་སྒོ་བསྟེན་སྨན་ཁང་གི་རྩིས་རྒྱག་སར་རྩིས་རྒྱག་པར་ཡོང་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་གཏན་འཁེལ་གྱི་གོ་ཆོད་དུས་ཡུན་ལོ་1ཡིན་པ་དང་། དུས་ཚོད་ཐིམ་རྗེས་སྨན་བཅོས་འགན་བཅོལ་མ་ལག་ནང་འཛུལ་ནས་ཡང་བསྐྱར་གཏན་འཁེལ་བྱས་ན་གཞི་ནས་གོ་ཆོད་ཐུབ། ནད་པའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་སྨན་བཅོས་བྱེད་པའི་དུས་ཚོད་དེ་སྔོན་གྱི་སྨན་པ་བསྟེན་པའི་དུས་ཚོད་དང་གཅིག་མཚུངས་འཁེལ་མི་རུང་། གལ་ཏེ་སྨན་བཅོས་དུས་འཁོར་གྱི་གོ་ཆོད་དུས་ཚོད་ནང་ཡང་བསྐྱར་སྨན་བླངས་ན་སྨན་རིན་རྩིས་ཞུ་བྱེད་མི་ཐུབ། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་གཏོང་སྤྲོད་ཁྱབ་ཁོངས་ནང་སྨན་ལེན་པ་དང་བརྟག་དཔྱད་བྱས་ཚེ་གཞི་ནས་སྨན་རིན་རྩིས་ཞུ་བྱེད་ཆོག་གི་ཡོད། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་སྨན་ལེན་པའི་དུས་ཚོད་རྩ་དོན་ཐོག་ཟླ་བ་གཅིག་ཡིན་རུང་། སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་ནད་གཞི་ཞི་ལྷོད་དུ་ཕྱིན་པའི་ནད་པས་ཟླ་གསུམ་བར་དུ་སྨན་ལེན་ཆོག་གི་ཡོད། སྨན་བཅོས་འགན་བཅོལ་ལ་ཞུགས་པའི་ནད་པས་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་འབྲེལ་ཡོད་དཔང་འཛིན(ཐོབ་ཐང་ལག་ཁྱེར་དང་། སྤྱི་ཚོགས་འགན་སྲུང་གཱ གློག་རྡུལ་དཔང་འཛིན་སོགས)ཁྱེར་ནས་སྒོ་བསྟེན་སྨན་ཁང(སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་ཚུད་པ)དུ་སྨན་བཅོས་དང་སྨན་རིན་རྩིས་ཞུ་བྱེད་ཆོག དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་མི་གཞན་ལ་མངགས་ནས་སྨན་ཉོ་བའམ་ཡང་ན་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་གཉེར་དགོས་ཚེ། ནད་པ་རང་ཉིད་དང་མངགས་ཡུལ་གྱི་ཐོབ་ཐང་ངོ་སྤྲོད་ཡི་གེ་མཁོ་འདོན་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།