ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཆུ་བཟང་གྲོང་ཚོ་རུ་གནའ་མིའི་རྐང་རྗེས་རྙེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

5.jpg

པར་འདི་ནི་གནའ་མིའི་རྐང་རྗེས་ཡིན།

4.jpg

པར་འདི་ནི་གནའ་བོའི་རྗེས་ཤུལ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནའ་སྔ་མོའི་མིའི་རིགས་ཀྱིས་བཞག་པའི་རྐང་རྗེས་རྐྱེན་གྱིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་ཆུ་བཟང་གྲོང་ཚོ་དེ་གློ་བུར་དུ་མིང་ལ་གྲགས་ཤིང་། སྔོན་ཆད་ལྷིང་འཇགས་ངང་གནས་པའི་དགུན་དུས་ཀྱི་གྲོང་ཚོ་རུ་ད་ལྟ་སྨྱན་སྦྱོར་ཚོགས་པ་དང་ཆེད་དུ་སླེབས་པའི་མི་ཡིས་ཁེངས་ཡོད།

ཉེ་ཆར། གོ་ལ་ཧྲིལ་པོའི་དབང་གྲགས་ལྡན་པའི་གནའ་དཔྱད་རིག་གཞུང་དུས་དེབ《གནའ་རྫས་རྟོག་ཞིབ》ཀྱིས2021ལོའི“འཛམ་གླིང་གི་གནའ་རྫས་རྟོག་ཞིབ་རིག་པ་ཆེ་གྲས་བཅུ”བདམས་པ་དང་། ཀོང་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་ཏེན་སོགས་ཀྱིས་བོད་ལྗོངས་ཆུ་བཟང་ཆུ་ཚན་དུ་རྙེད་པའི་གནའ་བོའི་མིའི་རིགས་ཀྱི་རྐང་རྗེས་དེ་དཔྱད་གཞིའི་ནང་ཚུད་ཡོད། རྐང་རྗེས་དེ་དག་ཆུ་བཟང་གྲོང་ཚོའི་གཞུང་ཆུ་གཙང་པོའི་ཉེ་འགྲམ་གྱི་གནའ་བོའི་ཆུ་མིག་གི་དིམ་བསགས་ཐོག་གནས་ཤིང་། དེ་ནི་བསམ་བཞིན་དུ་མནན་པའི་ལག་རྗེས5དང་རྐང་རྗེས5ཡིས་གྲུབ་པ་རེད། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གནས་མཐུན་རྒྱུ་ཚོད་ལྟ་ཁང་གིས་ཡུ་ཚན་ཁག་གི་ཚད་འཇལ་ཐབས་ཀྱིས་ཚད་འཇལ་བྱས་པ་ལྟར་ན། དེའི་ཕྱི་ངོས་ཀྱི་ལོ་རབས་ནི་ད་ལྟའི་བར་ལོ་ཁྲི22.6ནས་ཁྲི16.9སྔོན་རེད། 

ཆུ་བཟང་ཆུ་ཚན་ནི་རི་ལྡེབས་སུ་གནས་ཤིང་། དེར་གནའ་རབས་དང་དེང་རབས་ཀྱི་ཆུ་མིག་མང་པོ་ཡོད་པ་མ་ཟད། ད་དུང་ལོ་བརྒྱ་ཕྲག་སྔོན་གྱི་གནའ་བོའི་འཛུགས་སྐྲུན་རྗེས་ཤུལ་ཡང་ཡོད། ས་ངོས་ཀྱི་ཐཱན་སྐྱུར་ཀལ་ཆུ་མིག་ཏུ་དིམ་བསགས་བྱས་པའི་བྲག་རྡོའི་ཐོག་གསར་འགོད་པས་ལག་རྗེས་དང་རྐང་རྗེས་གསལ་པོ་མང་པོ་མཐོང་བྱུང་། དེའི་མཐའ་འཁོར་དུ་ས་གནས་མང་ཚོགས་ཀྱིས་མ་ཎི་རྡོ་འབུམ་བརྩིགས་ཡོད་པ་མ་ཟད། ཁ་བཏགས་ཀྱིས་གཡོགས་ཡོད་པས། ཐང་རྒོད་ཀྱི་གྲང་རླུང་དང་ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་ཁྲོད་གནའ་བོའི་རྗེས་ཤུལ་དེ་དག་ལ་ལྐོག་གྱུར་གྱི་ཚོར་སྣང་ཞིག་བསྣན་ཡོད།

རྐང་རྗེས་དེ་དག་གི་གསང་བ་ལ་ད་དུང་རིག་གཞུང་ལས་རིགས་ཀྱིས་ཐག་གཅོད་ཐོབ་མེད་མོད། འོན་ཀྱང་ཆུ་བཟང་གྲོང་ཚོའི་ངོས་ནས་བརྗོད་ན། རྗེས་ཤུལ་དེ་དག་ནི་ལོ་རྒྱུས་ཀྱི་བདེན་དཔང་རྩ་ཆེན་ཞིག་ཡིན་པ་མ་ཟད། ཐོབ་དཀའ་བའི་ཕྱིའི་འཇིག་རྟེན་དང་འབྲེལ་བ་འཛུགས་པའི་གོ་སྐབས་ལེགས་པོ་ཞིག་ཡིན།

རྗེས་ཤུལ་དེ“འཛམ་གླིང་གི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ”ཞེས་པའི་ནང་བདམས་རྗེས། ཆུ་བཟང་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལི་ཅ་ཧུའེ་ཡི་ལས་ཀར་བྲེལ་བ་ཆེན་པོ་བྱུང་ཞིང་།  ཉིན་འདི་དག་གི་རིང་ལ་མི་མང་པོ་ཞིག་གིས་ཁོང་དང་འབྲེལ་གཏུག་བྱས་ཏེ་རྟོག་ཞིབ་བྱེད་འདོད་པའམ་མཉམ་ལས་བྱེད་འདོད་པ་རེད། “ཆུ་བཟང་གྲོང་ཚོའི་ངོས་ནས་བརྗོད་ན་དེ་ནི་དོན་དག་བཟང་པོ་ཞིག་ཡིན་པས། ང་ཚོས་དེར་ཧ་ཅང་གཟབ་ནན་བྱེད་ཀྱིན་ཡོད” ཅེས་ཁོང་གིས་བཤད། 

“སྲུང་སྐྱོང་བྱ་རྒྱུ་དེ་ངེས་པར་དུ་གཙོ་བོར་འཛིན་དགོས”ཞེས་ལི་ཅ་ཧུའེ་ཡིས་རྣམ་གྲངས་དེའི་གནའ་རྫས་རྟོག་ཞིབ་ཀྱི་འཕེལ་རིམ་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་གནང་བཞིན་ཡོད་པ་མ་ཟད། རྟག་ཏུ་གནའ་རྫས་རྟོག་ཞིབ་ཚོགས་པའི་ཆེད་མཁས་མི་སྣ་དང་བློ་འདྲི་བྱེད་ཀྱིན་ཡོད། “རྗེས་ཤུལ་སྲུང་སྐྱོང་བྱ་རྒྱུ་ནི་ཆེད་ལས་ལྡན་པའི་བྱ་བ་ཞིག་ཡིན་པས་ང་ཚོས་སྤྲོ་སེམས་ཆེན་པོས་ལས་དོན་བསྒྲུབ་རྒྱུ་ཁོ་ནར་བརྟེན་མི་རུང་བར་ངེས་པར་དུ་ཚན་རིག་དང་ཆེད་ལས་རྟོགས་དགོས”ཞེས་ཁོང་གིས་བསྟན།

ཁོང་གིས་གནའ་མིའི་རྐང་རྗེས་དེ་དག་ལ་རིམ་པ་སོ་སོའི་ལས་ཁུངས་ཀྱི་ཚད་མཐོའི་མཐོང་ཆེན་ཐོབ་པས། ཉེ་ཆར་རྗེས་ཤུལ་དེ་དག་ལ་ཤེལ་ཁེབས་རྒྱག་རྒྱུར་བསམ་གཞིག་བཏང་ནས་ལྟ་སྐུལ་ཚོད་འཛིན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། ཁྲིམས་འགལ་ངང་གཏོར་བརླག་མི་ཕོག་པར་སྔོན་འགོག་བྱ་རྒྱུ་དང་། གཞན་ཡང་གྲོང་མི་ཚོའི་སྲུང་སྐྱོང་འདུ་ཤེས་གཏིང་ཟབ་ཏུ་བཏང་ནས།གྲོང་མི་རྣམས་རྟག་ཏུ་གནའ་ཤུལ་གྱི་གནས་ཚུལ་ལ་ལྟ་རུ་འགྲོ་བར་སྐུལ་ཁྲིད་བྱེད་བཞིན་ཡོད་ཅེས་བསྟན།

ལི་ཅ་ཧུའེ་ཡིས་ངོ་སྤྲོད་ལྟར་ན། ཆུ་བཟང་གྲོང་ཚོ་ནི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གཏིང་ཟབ་པའི་ས་ཆ་ཞིག་ཡིན་ལ། དེ་ནི་བོད་ལུགས་གསོ་རིག་གི་མེས་པོ་གཡུ་ཐོག·ཡོན་ཏན་མགོན་པོའི་འཁྲུངས་ཡུལ་ཡིན་པའི་ངོས་ནས། ཆུ་བཟང་ཆུ་ཚན་ལ་ད་ལྟའི་བར་དུ་ལོ་ངོ1500ལྷག་གི་ལོ་རྒྱུས་ལྡན་ཞིང་། གཏེར་རྒྱུ་རིགས་མང་པོ་ཡོད། ཉེ་བའི་ལོ་འགའི་རིང་། ཆུ་བཟང་གྲོང་ཚོས་ཧུར་ཐག་སྒོས་བོད་ཀྱི་གསོ་བ་རིག་པའི་ཁམས་གསོའི་གནས་མཆོག་བཏོད་དེ། རྨང་གཞིའི་སྒྲིག་བཀོད་ཁག་འཐུས་ཚང་དུ་བཏང་བས། སྔོན་ཆད་ཐག་རིང་ལུང་ཁུག་ཏུ་ལུས་པའི་གྲོང་ཚོ་རིམ་བཞིན་ཕྱུག་པོར་འགྱུར་བཞིན་ཡོད་ཅེས་བསྟན།

“གནའ་མིའི་རྐང་རྗེས་རྙེད་པའི་གནའ་རྫས་རྟོག་ཞིབ་ཀྱིས་ཆུ་བཟང་གྲོང་ཚོ་དེ་སྔར་ལས་མིང་གྲགས་ཆོད་པ་དང་། གོ་སྐབས་ཐོབ་དཀའ་བས། ང་ཚོས་ནུས་ཤུགས་ཡོད་རྒུས་ཐོན་ཁུངས་ལ་གསོན་ཤུགས་ལྡན་པར་བཏང་སྟེ། གྲོང་མིའི་འཚོ་བ་སྔར་བས་ཇེ་ལེགས་སུ་གཏོང་རྒྱུ་ཡིན”ཞེས་ལི་ཅ་ཧུའེ་ཡིས་བརྗོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།