རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཕྱོགས་བསྡུས་ལས་སྒོའི་ཆ་འཕྲིན་ཅན་གྱི་མ་ལག་སྤྱོད་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཕྱོགས་བསྡུས་ལས་སྒོའི་ཆ་འཕྲིན་ཅན་གྱི་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མ་ལག་དེས་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་མ་ལག་བཙུགས་པ་དང་ཁྲོམ་ར་ལྟ་འདོམས་ཀྱི་སྲིད་འཛིན་ཆོག་འཐུས་དོན་ཚན་བསྡུ་སྒྲིལ་བྱས་པ་བརྒྱུད། སྲིད་དོན་ཞབས་ཞུའི་དོན་ཚན་གྱི་གསལ་ཐོ་དང་། ལས་སྒྲུབ་བརྒྱུད་རིམ། ཚད་གཞི་བཅས་གསེད་བཀྲོལ་བྱས་ཏེ་ལས་སྒོ་ཁག་གི“ཚུགས་གཅིག་ནང་འཛུལ་བ་དང་། ཐོ་འགོད་ཐེངས་གཅིག དཔང་བདེན་ར་སྤྲོད་ཐེངས་གཅིག དྲ་གཅིག་ཀུན་སྒྲུབ”བཅས་མངོན་འགྱུར་བྱུང་ནས“སྡེ་ཚན་མང་བ་དང་། བརྒྱུད་རིམ་རྙོག་འཛིང་ཆེ་བ། བྱ་བ་སྒྲུབ་དཀའ་བ། དཔང་ཡིག་འདོན་འགོར་བ”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སྟེ། སྲིད་དོན་ཞབས་ཞུའི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་སྲིད་དོན་ཞབས་ཞུའི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཕྱོགས་བསྡུས་ལས་སྒོའི་ཆ་འཕྲིན་ཅན་གྱི་མ་ལག་གིས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི“ལྟེ་གནས་གཅིག་དང་ལས་སྟེགས་གཉིས”ཀྱི་མ་ལག་གི་སྤྱིའི་སྒྲོམ་གཞི་བསྐྲུན་པ་དང་། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཏང་བ། ཁྲོམ་ར་ལྟ་འདོམས་ཀྱི་ཐབས་ཇུས་ཚན་རིག་ཅན་དང་། ལྟ་འདོམས་གནད་སྨིན་ཅན། ཞབས་ཞུ་སྟབས་བདེ་ཅན་བཅས་ལ་སྐུལ་འདེད་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།