ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉང་ཆུ་གཙང་འགྲམ་དུ་བཞད་པའི་མཐུན་སྒྲིལ་མེ་ཏོག

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་གི་མཐོང་ཐོས།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་དུ་སྐྱོད་སྐབས་ས་བབ་ལ་བརྟེན་ནས་བསྐྲུན་པའི་ཁྱད་ཆོས་ཟབ་མོ་ལྡན་པའི་ཁང་པ་གྲལ་སྟར་འགྲིག་པོས་ཆགས་པ་དང་ཁྱིམ་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ། དེ་ཙམ་ཆེན་པོ་མེད་པའི་ཤང་དང་གྲོང་རྡལ་དུ་རྒྱ་རིགས་དང་། བོད་རིགས། མོན་པ་རིགས། ལྷོ་པ་རིགས་བཅས་ཀྱི་མང་ཚོགས་འཚོ་བ་སྐྱེལ་བཞིན་འདུག མི་རིགས་ཁག་གི་གྲོང་མིའི་འཚོ་བའི་གོམས་གཤིས་དང་སྐད་རིགས་མི་འདྲ་བ་ཡོད་མོད། འོན་ཀྱང་ལོ་མང་རིང་དེ་གའི་གྲོང་མི་ཚོས་མཐུན་སྒྲིལ་རོགས་རེས་དང་ཞི་མཐུན་མཉམ་གནས་བྱས་ཏེ་ཚང་མས་སེར་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ནས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་འབྱོར་ཕྱུག་གི་འཚོ་བ་སྐྱེལ་ཐུབ་པ་དང་འབྱོར་འབྲིང་ལམ་བུར་བསྐྱོད་ཐུབ་ཡོད།

དགུན་ཚང་ཤང་མོན་གྲོང་གྲོང་ཚོར་འཚོ་བ་སྐྱེལ་བཞིན་པའི་དབང་གྲགས་དང་ལྷ་འཛོམས་ནི་མི་རིགས་མི་འདྲ་བ་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་ཞིག་རེད། དབང་གྲགས་ནི་བོད་རིགས་ཡིན་ལ་མོན་གྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའང་ཡིན་པ་དང་། ལྷ་འཛོམས་ནི་ཆུང་དུས་ནས་མོན་གྲོང་གྲོང་ཚོར་འཚོ་བ་སྐྱེལ་བཞིན་པའི་མོན་པ་ཞིག་ཡིན་པ་རེད། དབང་གྲགས་དང་ལྷ་འཛོམས་གཉིས་ཆུང་དུས་ནས་ངོ་ཤེས་ཀྱི་ཡོད་པ་དང་། 2002ལོར་གཉེན་སྒྲིག་བྱས་ནས་ཕྲུ་གུ་བུ་ཞིག་དང་བུ་མོ་ཞིག་བྱུང་ཡོད། ད་ཆ་དབང་གྲགས་ཀྱི་ནང་མི་རྣམས་སྨི་ངོས་གྲུ་200ལྷག་ཙམ་ཡོད་པའི་བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་སྒོ་ར་རང་འགྲིག་གི་ཁང་པ་ཞིག་ནང་འཚོ་བ་སྐྱེལ་བཞིན་ཡོད། སྒོ་རའི་ནང་འཛུལ་སྐབས་གཡས་གཡོན་གཉིས་སུ་ཞོག་ཁོག་དང་ཙོང་སོགས་བཏབ་འདུག་ལ་ཁང་པའི་ནང་འཁྱགས་སྒམ་དང་བརྙན་འཕྲིན་སོགས་ཁྱིམ་ཆས་སྣ་ཚོགས་བསྒྲིགས་ཡོད་པ་མ་ཟད། ད་དུང་གཙང་སྦྲ་ཤིན་ཏུ་དོད།

“ད་ཆའི་འཚོ་བ་ཡག་པོ་འདི་འདྲ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད”ཅེས་དབང་གྲགས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

དགུན་ཚང་ཤང་ནི་དེ་སྔའི་འཕྲེད་ལུང་ཤང་ཡིན་པ་དང་དེ་སྔ་ཉིང་ཁྲི་རྫོང(ད་ལྟའི་བྲག་ཡིབ་ཆུས)གི་བྱང་ཤར་མཚམས་སུ་གནས་ཤིང་། བྱང་ངོས་སུ་སྤོ་བོ་རྫོང་དང་ཤར་ངོས་སུ་མེ་ཏོག་རྫོང་ཆགས་པ་དང་། ཤང་སྲིད་གཞུང་ནས་རྫོང་གྲོང་བར་ལམ་ཐག་སྤྱི་ལེ་130ཡོད་པས་ཉིང་ཁྲི་རྫོང་གི་ཐག་རིང་ཤོས་ཀྱི་ཤང་ཞིག་རེད། 2000ལོར་ཡིད་འོང་གི་ཆུ་ལོག་གི་རྐྱེན་པས་འཕྲེད་ལུང་ཤང་ཧྲིལ་པོ་བྲག་ཡིབ་ཆུས་སུ་གནས་སྤོས་ནས་དགུན་ཚང་མོན་པ་མི་རིགས་ཤང་ཞེས་མིང་བསྒྱུར།

2011ལོར་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་ལས་གྲྭའི་རྣམ་གྲངས་རྡོ་ཕུར་ཆུ་ཤུགས་གློག་ཁང་དགུན་ཚང་ཤང་དུ་བརྒྱབ་པས་མོན་གྲོང་གྲོང་ཚོ་གནས་སྤོ་ཐེངས་གཉིས་པ་བྱེད་དགོས་བྱུང་ཡོད། ད་ཆ་གཞིས་ཆགས་སར་ཨར་འདམ་ལམ་དང་། ལམ་སྒྲོན། རང་འབབ་ཆུ་ཀ་ལ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་ཡོད།

“གནས་སྤོས་རྗེས་ང་ཚོའི་གྲོང་ཚོ་རྒྱལ་ལམ་318ཀྱི་འགྲམ་དུ་ཆགས་པ་མ་ཟད་ལྷ་ཉིང་གཞུང་ལམ་ཡང་ཤར་གཏོང་ཐུབ་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་འདུག”ཅེས་དབང་གྲགས་ཀྱིས་བཤད།

2019ལོའི་ཟླ་12ཚེས་31ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མོན་གྲོང་གྲོང་ཚོར“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ”ཁག་གསུམ་པའི་མིང་བཏགས་པ་རེད། དབང་གྲགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། “ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ”ཞེས་པའི་མིང་བཏགས་རྗེས་མོན་གྲོང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་མོན་པ་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྔོག་འདོན་བྱས་པ་བརྒྱུད་མོན་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་ཚོ་ཧུར་ཐག་བཏོད་ཡོད། ད་ཆ་གྲོང་ཚོར་འཁྲབ་སྟོན་ལྟེ་གནས་བསྐྲུན་པ་དང་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བས། གྲོང་མིར་ཡུལ་སྐོར་གྱི་ཡོང་འབབ་བྱུང་ཡོད། 2021ལོའི་ལོ་སྟོད་དུ་གྲོང་ཚོ་ཡོངས་སུ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི་24ལྷག་ཙམ་འཕར་ཡོད།

མོན་གྲོང་གྲོང་ཚོར་སྐྱོད་སྐབས་གསར་འགོད་པ་གྲོང་ཚོའི་ཚོང་ཁང་ཆུང་ཆུང་ཞིག་ཏུ་སླེབས་ཤིང་། སྦྱིན་བདག་བསོད་ནམས་ཚེ་རིང་གིས་སེམས་རྩ་འཁོལ་པོས་སྣེ་ལེན་ཞུས་བྱུང་། དབང་གྲགས་ཀྱིས་བསོད་ནམས་ཚེ་རིང་གི་ཁྱིམ་ཡང་མི་རིགས་མི་འདྲ་བ་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་ཞིག་རེད་ཅེས་བཤད།

བསོད་ནམས་ཚེ་རིང་ནི་མོན་པ་རིགས་ཡིན་པ་དང་བཟའ་ཟླ་དབྱངས་སྒྲོན་ནི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་བོད་རིགས་རེད། དེ་སྔ་བསོད་ནམས་ཚེ་རིང་ཕྱིར་གླ་པར་སྐྱོད་སྐབས་དབྱངས་སྒྲོན་ངོ་ཤེས་ཤིང་། ཕ་ཡུལ་མི་གཅིག་པའི་མི་གཉིས་ལས་འགྲོའི་མདུད་པ་ཐེབས་པས་མཉམ་དུ་འགྲོགས། གཉེན་སྒྲིག་བྱས་རྗེས་བསོད་ནམས་ཚེ་རིང་དང་བཟའ་ཟླ་དབྱངས་སྒྲོན་མཉམ་དུ་མོན་གྲོང་གྲོང་ཚོར་ལོག་ནས་ཚོང་ཁང་ཆུང་ཆུང་ཞིག་བཙུགས། “ད་ཆ་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད། ཚོང་ཡག་པོ་ཡོད་དུས་ལོ་རེར་ཡོང་འབབ་སྒོར་ཁྲི་7ནས་8བར་ཡོང་གི་འདུག”ཅེས་བསོད་ནམས་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བཤད།

མོན་གྲོང་གྲོང་ཚོ་ནས་ཁ་བྲལ་ཏེ་ཉང་ཆུ་བརྒྱུད་གསར་འགོད་པ་བཀྲ་ཆོས་གྲོང་ཚོར་འབྱོར། 2011ལོར་བཀྲ་ཆོས་གྲོང་ཚོའི་བོད་རིགས་བུ་མོ་ཕུར་བུ་སྒྲོལ་མ་དང་སི་ཁྲོན་ཏ་ཀྲོའུ་ནས་ཡིན་པའི་རྒྱ་རིགས་ཕོ་གསར་ཐང་ཝུན་ཆན་གཉིས་དགུན་ཚང་ཤང་ནས་ངོ་ཤེས་པ་མ་ཟད་གཉེན་སྒྲིག་བྱས་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད། ཐང་ཝུན་ཆན་དམག་དཔུང་ནས་ལས་སྒྱུར་བྱས་རྗེས་དགུན་ཚང་ཤང་དུ་ཚོང་རྒྱག་གི་ཡོད།

“ངེད་གཉིས་མི་རིགས་མི་འདྲ་ཡང་ལོ་མང་རིང་གཤིབ་པ་བརྒྱུད་ཕན་ཚུན་བསམ་ཤེས་དང་བསྟུན་མཁས་བྱེད་ཤེས་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་ཐང་ཝུན་ཆན་གྱིས་འཛུམ་དམུལ་དམུལ་ངང་བཤད། བཟའ་ཚོ་གཉིས་ཀྱིས་རང་ཉིད་ཀྱི་འཚོ་བ་ཡག་པོ་སྐྱེལ་བ་མ་ཟད། ད་དུང་རྟག་ཏུ་གྲོང་ཚོའི་ནང་གི་འཚོ་བའི་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་དང་གྲོང་ཚོའི་རྒན་རྒོན་ལ་སྨན་ཉོ་རོགས་སོགས་བྱེད་ཀྱི་ཡོད།

མི་རིགས་མཐུན་སྒྲིལ་གྱི་སེམས་པ་གཅིག་ཏུ་བསྒྲིལ་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད། ད་ཆའི་དགུན་ཚང་ཤང་དུ་མི་རིགས་ཁག་དབར་མཐུན་སྒྲིལ་རོགས་རེས་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཉང་ཆུའི་འགྲམ་དུ་ཇི་ཙམ་བཞད་པ་དེ་ཙམ་གྱིས་བཀྲག་མདངས་རབ་ཏུ་འཚེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།