ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཀོང་པོ་རྒྱ་མདའ་རྫོང་ཐང་སྟེང་གྲོང་ཚོའི་རྣམ་པ་མཛེས་ལ་འཚོ་བ་སྤུས་ཚད་ལྡན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐང་སྟེང་གྲོང་ཚོ་ནི་ཀོང་པོ་རྒྱ་མདའ་རྫོང་ནས་ལྷ་སར་སྐྱོད་སའི་གྲོང་ཚོ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཁོངས་གཏོགས་ཀྱི་གྲོང་ཚོ་ཞིག་ཡིན་པས་ཀོང་པོ་རྒྱ་མདའ་ཤང་སྲིད་གཞུང་དེ་གར་བཙུགས་ཡོད་པ་དང་གྲོང་ཚོ་དེར་དུད་ཚང་59དང་མི་གྲངས་276ཡོད། དཔལ་འབྱོར་གྱི་ཡོང་འབབ་གཙོ་བོ་ནི་ཞིང་ལས་དང་ནགས་ལས་གཙོ་བོར་བྱས་ཏེ་ནས་དང་། གྲོ། པད་ཁ་སོགས་འདེབས་ཀྱི་ཡོད། 2020ལོར་གྲོང་ཚོ་དེ་ཡོངས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི་600ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.4ཟིན་གྱི་ཡོད།

ཉེ་བའི་ལོ་ཤས་རིང་། ཐང་སྟེང་གྲོང་ཚོས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྔོན་གཏན་འཁེལ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཀྱི་སྡོད་མལ་གྲོང་ཚོ་ཞིག་བསྐྲུན་ཡོད། རྨང་གཞིའི་སྒྲིག་བཀོད་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་སྡོད་ཁང་ཉམས་གསོ་དང་བརྟན་དུ་གཏོང་བ་དང་། ཕྱི་དབྱིབས་སྒྱུར་བཀོད། གློག་གི་སྐུད་ལམ་སྒྱུར་བཀོད། དུད་ཚང་དུ་སྐྱོད་སའི་ལམ་འཛུགས་སྐྲུན། གསང་སྤྱོད་མཛེས་བཟོ། ཐབ་ཚང་གི་བཀོལ་སྤྱོད་སྟེགས་བུ། ལམ་སྒྲོན་སྒྲིག་སྦྱོར། ལུད་གསོག་ས་བཟོ་བ་སོགས་བྱས་ཡོད། ཐང་སྟེང་གྲོང་ཚོས་གྲོང་ཚོར་ཨར་འདམ་ལམ་དང་། ཆུ་འབུད་མདོང་དྲ། གློག་སྒྲོན་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་ནས་མི་ཕྱུགས་ལོགས་སུ་དབྱེ་བ་དང་ཕྱུགས་རིགས་གཅིག་སྡུད་གསོ་ཚགས་བྱེད་ས་བསྐྲུན་ཡོད། སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད་གྲོང་ཚོའི་རྣམ་པ་དང་། བཀོད་པ་གྲོང་མིའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ས་གནས་དེ་གའི“གྲགས་ཅན་གྲོང་ཚོར”གྱུར་པ་དང་2017ལོར་རྫོང་དེ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཚོད་ལྟའི་འཆར་འགོད་ནང་བཅུག་པ་རེད།

“གོམ་སྟབས་རྗེས་མར་ང་ཚོས་གྲོང་ཚོའི་ནང་གི་འབྲེལ་ཡོད་ཞོར་གཏོགས་སྒྲིག་བཀོད་དཔེར་ན། རིག་གནས་ཐང་ཆེན་སོགས་སུ་ཇུས་འགོད་ཨར་སྐྲུན་བྱེད་པ་དང་འབྲེལ་གྲོང་ཚོའི་གཞུང་ལམ་གཡས་གཡོན་གཉིས་སུ་སྔོ་འགྱུར་མཛེས་བཟོ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་རྒྱུ་དང་། མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། ཕྱུགས་རིགས་དོ་དམ་དང་གསོ་ཚགས་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གསོ་ཚགས་ཀྱི་ལས་ཕྱོད་སྔར་བས་ཆེ་རུ་བཏང་སྟེ་ཕྱུགས་རིགས་དང་བྱ་རིགས་ཀྱི་ནད་གཞི་ཐོན་ཚད་ཉུང་དུ་གཏོང་རྒྱུ་ཡིན”ཞེས་ཐང་སྟེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཟླ་བ་སྒྲོལ་མས་དེ་ལྟར་བཤད།

ལོ་63ལ་སླེབས་པའི་བསོད་ནམས་སྟོབས་རྒྱལ་ནི་ཐང་སྟེང་གྲོང་ཚོའི་ཏང་ཡོན་རྒན་གྲས་ཤིག་རེད། ཁོང་གི་ཁྱིམ་དུ་སྐྱོད་སྐབས་སྒོ་རའི་ནང་གི་སྟར་སྡོང་དང་ཀུ་ཤུ་སོགས་ཀྱི་ཡལ་འདབ་ལྕགས་རིའི་ཕྱིར་རྒྱས་པ་དེ་སྔོ་ལྗང་གི་རི་དང་གཡའ་དག་པའི་གནམ་མཁའི་འོག་ལྷག་པར་མཛེས། “དེ་སྔ་གྲོང་ཚོའི་ནང་ཚང་མས་གསོས་པའི་ཕག་པ་དང་། ནོར། ལུག བྱ་དེ་བཅས་གང་སར་རྒྱུག་པ་དང་། བྱ་བྲུན་མང་བ། སྦྲང་བུ་མང་བ། གད་སྙིགས་མང་བ་བཅས་ལས་དྲི་ངན་ཤུགས་ཆེན་བྲོ་གི་ཡོད། ད་ཆ་གྲོང་ཚོའི་ནང་གད་སྙིགས་གཅིག་སྡུད་བྱ་ཡུལ་ཡོད་པས་གྲོང་ཚོའི་ནང་གཙང་སྦྲ་དོད་དུ་ཕྱིན་སོང་ལ་ང་ཚོས་ཀྱང་གྲོང་ཚོའི་ཁོར་ཡུག་གི་གཙང་སྦྲར་དེ་བས་དམ་འཛིན་བྱེད་ཀྱི་ཡོད”ཅེས་བསོད་ནམས་སྟོབས་རྒྱལ་གྱིས་བཤད། ཁོང་གིས“ཁང་པ་ནི་རྒྱལ་ཁབ་ཀྱིས་བསྐྲུན་པ་ཞིག་རེད། ད་ཆ་ལམ་ཡག་པོ་འདུག་ལ་སྡོད་སའི་ཁོར་ཡུག་སོགས་ཚང་མའང་ཡག་པོ་འདུག”ཅེས་ཉིན་བཞིན་མཛེས་སུ་འགྲོ་བའི་འཚོ་སྡོད་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ལ་ལྟ་བཞིན་དུ་བསོད་ནམས་སྟོབས་རྒྱལ་གྱིས་དགའ་ཚོར་ཆེན་པོའི་ངང་དེ་ལྟར་བཤད་བྱུང་།

ཉེ་བའི་ལོ་ཤས་རིང་། བོད་ཀྱི་གྲོང་གསེབ་ཀྱི་རྣམ་པར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། ཞིང་འབྲོག་མང་ཚོགས་ཚོར་འཚོ་བའི་གོམས་གཤིས་བཟང་པོ་ཡང་རིམ་བཞིན་འཇགས་བཞིན་ཡོད་པས་སྐྱེ་ཁམས་སྡོད་མལ་དང་འཚམ་པ་དང་། ཡུལ་སྲོལ་བཟང་བ། འཚོ་བ་འབྱོར་ཕྱུག་བཅས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་མངོན་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།