ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ནག་ཆུ་དང་ཆུས11ཚང་མར་རི་སྐྱེས་སྲོག་ཆགས་གསའ་ཁྱབ་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

པར་འདི་ནི་གསའ་ཡིན།

3.jpg

པར་འདི་ནི་ཤྭ་སྐྱ་ཡིན།

3.jpg

པར་འདི་ནི་སྤྱང་ཀི་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་གསལ་ལྟར་ན། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་མཉམ་དུ་སྤེལ་བའི་ནག་ཆུ་གྲོང་ཁྱེར་གྱི་གསའ་ལ་ཆེད་དོན་བརྟག་དཔྱད་བྱས་པའི་རིང་། ནག་ཆུ་གྲོང་ཁྱེར་མངའ་ཁོངས་ཀྱི་རྫོང10དང་ཆུས1ཚང་མར་རི་སྐྱེས་སྲོག་ཆགས་གསའ་འགུལ་སྐྱོད་བྱེད་པའི་བརྙན་ལེན་ཐུབ་པར་གྱུར་བ་དང་། དེ་ནི་ནག་ཆུའི་ས་ཁོངས་ཡོངས་སུ་གསའ་ལ་བརྟག་དཔྱད་བྱེད་ཐེངས་དང་པོ་ཡིན་པས། ཧི་མ་ལ་ཡའི་རི་ཁུལ་དང་གཙང་གསུམ་འབྱུང་ཡུལ་བར་གྱི་རྒྱ་ཆེ་བའི་ས་ཁོངས་ནང་དུ་གསའ་ཡི་གནས་ཚུལ་མེད་པའི་སྟོང་ཆ་བསྐངས་པ་རེད། དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་ནི་རི་སྐྱེས་སྲོག་ཆགས་གསའ་ཡི་འཚོ་སྡོད་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་མཚོན་ཡོད་པ་མ་ཟད། ས་ཁོངས་ནང་བདེ་ཐང་ལྡན་པའི་གསའ་ཡི་ཁྱུ་ཚོགས་ཀྱང་མངོན་ཡོད།

ཤེས་གསལ་ལྟར་ན། ཐེངས་འདིའི་བརྟག་དཔྱད་ནང་བསྡོམས་པས་ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས11ཏུ་ཚབ་མཚོན་རང་བཞིན་གྱི་འཚོ་སྡོད་ཁུལ་བདམས་ནས་ལྟ་ཞིབ་ཚད་ལེན་ཁུལ་དུ་བྱས་པ་དང་། ལྟ་ཞིབ་ཚད་ལེན་ཁུལ་རེ་རེར་སྤྱི་ལེ25ཅན་གྱི་དྲ་མིག10ནས15བདམས་ཤིང་། དྲ་མིག་རེ་རེ་ནང་དམར་ཕྱིའི་པར་ཆས1ནས2བཙུགས་ཡོད། བརྟག་དཔྱད་མི་སྣས2021ལོའི་ཟླ12པར་མངའ་ཁོངས་ཡོངས་སུ་དམར་ཕྱིའི་པར་ཆས143བསྡུས་པ་དང་། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། དམར་ཕྱིའི་པར་ཆས9323གྱི་ལས་ཀའི་ཉིན་མོའི་ནང་བསྡོམས་པས་རི་སྐྱེས་སྲོག་ཆགས་གསའ་འགུལ་སྤྱོད་ཐེངས100ལྷག་ཙམ་བརྙན་དང་པར་ལེན་ཐུབ་པ་བྱུང་།

བོད་ལྗོངས་བྱང་རྒྱུད་དུ་གནས་པའི་ནག་ཆུ་ནི་གདང་ལ་རི་རྒྱུད་དང་གཉན་ཆེན་ཐང་ལྷའི་རི་རྒྱུད། གངས་ཏི་སེ་རི་རྒྱུད་བཅས་ཀྱི་དབུས་སུ་ཆགས་ཤིང་། མངའ་ཁོངས་སུ་གཙོ་བོ་མཐོ་གྲང་སྤང་ཐང་དང་མཐོ་གྲང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཡོད་པ་དང་། དེའི་ཤར་རྒྱུད་ཀྱི་སོག་རྫོང་དང་འབྲི་རུ་རྫོང་། ལྷ་རི་རྫོང་བཅས་སུ་ད་དུང་ནགས་ཚལ་ཐོན་ཁུངས་ཉུང་ཤས་ཁྱབ་ཡོད།

“ཐེངས་འདིའི་ལྟ་ཞིབ་ཚད་ལེན་ནང་གསའ་དང་སྤྱང་ཀི། འཕར་བ། དྲེད་མོང་། དོམ་ནག གཡི་སོགས་ཀྱི་ཤ་གཟན་སྲོག་ཆགས་ཆེ་གྲས་དྲུག་ཡོད་པ་དང་། ཤ་གཟན་སྲོག་ཆགས་ཆེ་གྲས་ལ་རྒྱུན་པར་གཟན་རྩྭ་ཟ་བའི་སྲོག་ཆགས་འདང་ངེས་ཤིག་དགོས་པ་དེས་ནག་ཆུའི་ས་ཁོངས་ནང་གི་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལེགས་པོ་ཡོད་པ་མཚོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་མའོ་ཧྲི་ཕིང་གིས་དེ་ལྟར་བཤད།

གསར་འགོད་པས་ཤེས་གསལ་ལྟར་ན། ཐེངས་འདིའི་བརྟག་དཔྱད་དེ་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་ས་གནས་ཀྱི་ནགས་ཚལ་དང་རྩྭ་ཐང་ལས་ཁུངས་དང་མཉམ་ལས་ཀྱིས་ས་གནས་ནགས་སྲུང་བ་དང་འབྲོག་པར་མཉམ་དུ་གསོ་སྦྱོང་བྱས་པ་དང་། དམར་ཕྱིའི་པར་ཆས་བཀོད་སྒྲིག་དང་དོ་དམ་བྱ་རྒྱུ་ཚང་མ་ས་གནས་འབྲོག་པའི་ལྟ་ཞིབ་ཚད་ལེན་པས་འགན་འཁུར་ཞིང་། འབྲེལ་ཡོད་གསོ་སྦྱོང་ཚོགས་འདུ་ལས་ཚང་མས་གསའ་འཚོ་སྡོད་བྱ་ཡུལ་ཇི་ལྟར་འཚོལ་བ་དང་། དམར་ཕྱིའི་པར་ཆས་ཇི་ལྟར་སྤྱོད་པ། ཟིན་ཐོ་འགོད་པ་སོགས་གསལ་བོར་ཤེས་སུ་བཅུག་པ་རེད།

“འབྲོག་པའི་ལྟ་ཞིབ་ཚད་ལེན་པ་ཞུགས་པ་དེས་གསའ་ཡི་ལྟ་ཞིབ་ཚད་ལེན་དྲ་རྒྱ་ཡུན་རིང་བརྟན་པོ་ཞིག་འཛུགས་རྒྱུར་ཕན་ཐོགས་པ་དང་། གསའ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་གྲངས་མུ་མཐུད་བསྡུ་ལེན་བྱས་ནས་དུས་ཡུན་རིང་བའི་ཚན་རིག་ཞིབ་འཇུག་དང་སྲུང་སྐྱོང་བྱ་སྤྱོད་ལ་རྒྱབ་སྐྱོར་ཐུབ་རྒྱུ་དང་། དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་གྱི་གཞི་རིམ་དོ་དམ་སྲུང་སྐྱོང་པ་སྟེ་འབྲོག་པའི་ལྟ་ཞིབ་ཚད་ལེན་པར་ལོ་མང་གསོ་སྦྱོང་བྱས་པ་བརྒྱུད། ལྟ་ཞིབ་ཚད་ལེན་གྱི་ནུས་པ་ལྡན་པ་རེད། གལ་སྲིད་མ་འོངས་པར་མུ་མཐུད་དུ་གསོ་སྦྱོང་བྱས་ནས་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཆེ་རུ་བཏང་ཚེ། ནག་ཆུའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་གཞག་ལ་ནུས་པ་སྔར་བས་ཆེ་བ་འདོན་ཐུབ”ཅེས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་སྲུང་སྐྱོང་ཀྲུའུ་རེན་ཀྲའོ་ཞང་གིས་དེ་ལྟར་བཤད།

ཤེས་གསལ་ལྟར་ན། གཅན་གཟན་ཕྱོགས་ནས། ཐེངས་འདིའི་བརྟག་དཔྱད་རིང་གསའ་དང་སྤྱང་ཀི། རྐྱང་། གླ་བ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས6དང་། དེ་བཞིན་ཀྲུང་ཧྭ་རི་རྒོད་དང་གཙོད་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས13བཅས་ཐོ་འགོད་བྱས་ཡོད་ལ། ཕུན་སུམ་ཚོགས་པའི་ས་དབྱིབས་དང་སྐྱེ་དངོས་ཀྱི་ཁོར་ཡུག་ལས་ནག་ཆུ་གྲོང་ཁྱེར་གྱི་སྲོག་ཆགས་ཁྱུ་ཚོགས་ཇེ་མང་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།